སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ བདུན་ཕྲག་ ༢ ཀྱི་རིང་ལུ་ སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༡༠ པ་ འཚོགས་གནང་ནི།

སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཐེངས་ ༡༠ པ་དེ་ རང་ཟླ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ བདུན་ཕྲག་ ༢ ཀྱི་རིང་ལུ་ འཚོགས་གནང་ནི་སྦེ་ གཏན་འཁེལ་སོང་ནུག།
དེ་བསྒང་ ཚོགས་བཞུགས་དེ་ནང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ ༢༠༢༢ ཅན་མའི་ བསྐྱར་ཞིབ་སྙན་ཞུ་ ཕུལ་ནི་ཨིནམ་མ་ཚད་ རྒྱལ་ཡོངས་ཚོགས་སྡེ་ལུ་ བསྐྱར་ཞིབ་ཀྱི་དོན་ལས་ ཕུལ་ཏེ་ཡོད་མི་ དཔྱད་ཡིག་ ༤ ལུ་ཡང་ བསྐྱར་གྲོས་གནང་ནི་ཨིན་པས།
དེ་ལས་ དཔྱད་ཡིག་གཞན་ཡང་ བང་ལ་དེཤ་གཞུང་དང་ འབྲུག་གཞུང་གི་བར་ན་ བརྒྱུད་འགྲུལ་སྐྱེལ་འདྲེན་གྱི་ གན་རྒྱ་དང་ དེ་གི་དཔྱད་གཞིའི་འགན་འཛིན་ བེང་གྷལ་མཚོ་ཁུག་གི་ འཕྲུལ་རིག་དང་ དཔལ་འབྱོལ་མཉམ་འབྲེལ་ཐབས་རིག་བཀའ་ཁྲིམས་ དབང་པོ་སྐྱོན་ཅན་ཚུ་གི་དབང་ཆ་ རྒྱལ་སྤྱིའི་ཁས་ལེན་མཐུན་གྲོས་ཚུ་ལུ་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེ་མ་ཚད་ འབུམ་སྡེ་གླིང་ རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ སག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས་ ༢ ཀྱི་བར་ན་ སྐྱེ་ལྡན་མཐུད་སྦྲེལ་འབད་ཐབས་ལུ་ སྐྱེ་ལྡན་བར་ལམ་གསརཔ་ཡང་ གསལ་སྟོན་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཚོགས་ལྷན་ཚོགས་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ཞིང་ཆུ་རིམ་ལུགས་ཀྱི་ ལས་འབྲེལ་རྩིས་ཞིབ་དང་ གློག་ཐོག་ཉེན་སྲུང་གི་ གྲ་སྒྲིག་བསྐྱར་ཞིབ་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
ག་དེམ་ཅིག་སྦེ་ ཚོགས་ཁང་ ༢ ཀྱི་བར་ན་ དཔྱད་ཡིག་ཚུ་གུ་ མོས་མཐུན་འབྱུང་མ་ཚུགས་པ་ཅིན་ སྤྱི་ཚོགས་ལྷན་བཞུགས་ འཚོགས་གནང་ནི་གི་ ལས་རིམ་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་མཆོག་གིས་ རྒྱལ་ཁམས་གནས་སྟངས་ཀྱི་ སྙན་ཞུ་ཕུལ་ནི་གི་ ལས་རིམ་ཡང་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: