བྱང་ཀོ་རི་ཡ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ སྲིད་བྱུས་དང་བསྟུན་ཏེ་ རྩ་ཁྲིམས་བསྒྱུར་བཅོས།

རོའི་ཊརཛ།
སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ བྱང་ཀོ་རི་ཡའི་ རྒྱལ་ཁབ་ཀྱི་ རྩ་ཁྲིམས་ཆེན་མོ་དེ་ རྡུལ་ཕྲན་ནུས་ཤུགས་ཀྱི་ སྲིད་བྱུས་དང་བསྟུན་ཏེ་ འཕྲི་སྣོན་འབད་ཡོདཔ་ད་ དེ་ཡང་ ཡུ་ཨེཛ་གི་ ཕུང་དཀྲུགས་སྔོན་འགོག་དོན་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ བཟོ་བསྐྲུན་ཡར་སེང་འབད་ནི་གི་ ཁས་བླངས་ལྟར་དུ་ཨིན་པས།
དེ་ཡང་ བྱང་ཀོ་རི་ཡའི་ མངོན་མཐོའི་ཚོགས་འདུ་ནང་ལས་ ཁོང་རའི་འཚོ་གནས་ ངེས་གཏན་བཟོ་ནི་དང་ ཕྱད་མདའ་ཚུ་ བཀག་ཐབས་ལུ་ རྡུལ་ཕྲན་ནུས་ཤུགས་ཀྱི་ གོ་མཚོན་ཚུ་ གནས་ཚད་མཐོ་དྲགས་སྦེ་ གོང་འཕེལ་བཏང་ནི་སྦེ་ མགྲིན་དབྱངས་གཅིག་མཐུན་གྱི་སྒོ་ལས་ མོས་མཐུན་བྱུང་ནུག།
བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ སྤྱི་ཚོགས་ལུ་ གསུང་བཤད་གནང་པའི་ནང་གསལ་ བྱང་ཀོ་རི་ཡའི་ སྟོབས་ཤུགས་གོང་འཕེལ་གྱི་ སྲིད་བྱུས་དེ་གིས་ རྒྱལ་ཁམས་ཀྱི་ གཞི་རྟེན་ཁྲིམས་དོན་དེ་ ག་གིས་ཡང་ དཀྲོགས་མ་ཆོགཔ་སྦེ་ གཏན་འཇགས་ཀྱི་དོན་ལུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཡུ་ཨེཛ་དང་ ལྷོ་ཀོ་རི་ཡ་ རྒྱ་པཱན་ ༣ གྱི་ མཐུན་འབྲེལ་དེ་ ཨེ་ཤི་ཡ་ལུ་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པ་བཟུམ་ཅིག་ཨིནམ་ལས་ བྱང་ཀོ་རི་ཡའི་ འགོ་དཔོན་ཚུ་གིས་ ཡུ་ཨེཛ་དང་ རྒྱབ་འགལ་འབད་མི་ རྒྱལ་ཁབ་ཚུ་དང་ གཅིག་སྒྲིལ་ཐོག་ལུ་ གནས་དགོ་པའི་ བརྡ་བསྐུལ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: