སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བླམ་གནས་བརྟན་དང་ དབུ་འཛིན་གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

གནམ་ལོ་ཆུ་ཡོས་ཟླཝ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མགར་ས་རབ་སྡེའི་ བླམ་གནས་བརྟན་དང་ སྤ་རོ་སྤང་སྦིས་ས་ དགོན་འཛིན་གྲྭ་ཚང་གི་དབུ་འཛིན་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་ གནང་ཡོདཔ་ཨིན་པས།

དེ་ཡང་ སྤ་རོ་དབུས་སུ་ནང་ལས་ཨིན་མི་ མགར་ས་རབ་སྡེའི་ བླམ་གནས་བརྟན་ མཁན་པོ་རྡོ་རྗེ་ཚེ་རིང་གིས་ དགུང་ལོ་ ༨ ལས་ གཞུང་སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ མདོ་སྡེ་བྲག་བཤད་གྲྭའི་ནང་ལས་ ཤེས་ཡོན་མཐར་ཕྱིན་པའི་ཤུལ་ལས་ རྒྱ་གར་མཻ་སོར་ལུ་ ཤེས་ཡོན་ཁ་སྐོང་གཟིགས་ཏེ་ ལོ་ངོ་ ༩ གི་རིང་ལུ་ བཞུགས་ཡོདཔ་མ་ཚད་ མཁན་པོའི་གོ་གནས་ཡང་བཞེས་ནུག།

དེ་ལས་ འབྲུག་ལུ་ ལོག་ཕེབས་ཞིནམ་ལས་ སྐྱབས་རྗེ་ཞིང་གཤེགས་ རྗེ་བཙུན་བསྟན་འཛིན་དོན་གྲུབ་ཀྱིས་ དབུ་གཙོས་པའི་ སྐྱབས་རྗེ་རྣམ་པ་ ༣ གྱི་ སྐུ་མདུན་ལས་ བསྐྱེད་རྫོགས་ཀྱི་ ཉམས་ལེན་ཚུ་ ཞུ་ཡོདཔ་མ་ཚད་ སྤྱི་གཞི་དགོན་པ་ལུ་སྦེ་ ལོ་གསུམ་ཕྱོགས་གསུམ་ཡང་ གནང་ཡོདཔ་ཨིན་པས།

ད་རེས་ མཁན་པོ་རྡོ་རྗེ་ཚེ་རིང་གིས་ བླམ་གནས་བརྟན་གྱི་ གོ་གནས་མ་བཞེས་པའི་ཧེ་མར་ རྟ་ལོག་བཤད་གྲྭའི་ དབུ་འཛིན་སྦེ་ ཕྱག་ཞུ་ནུག།

སྤ་རོ་ཆ་འོག་ ཟླ་བ་ཁ་ལས་ཨིན་མི་ སྤ་རོ་སྤང་སྦིས་ས་ དགོན་འཛིན་གྲྭ་ཚང་གི་ དབུ་འཛིན་གསརཔ་ མཁན་པོ་མགོན་པོ་རྡོ་རྗེ་དེ་ཡང་ དགུང་ལོ་ ༩ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ དམ་པའི་ཆོས་སྒོར་ཞུགས་ཏེ་ བདེ་ཆེན་ཕོ་བྲང་ ནང་པའི་གཞི་རིམ་སློབ་གྲྭ་ཚུ་ནང་ རང་ལུགས་དཀྱིལ་ཆོག་ཚུ་ལུ་ ལྷབ་སྦྱངས་མཛད་ཡོདཔ་ཨིན་པས།

དེ་ལས་ སེམས་རྟོགས་ཁ་ འབྲིང་རིམ་བཤད་གྲྭའི་ནང་ མཁན་པོ་ནོར་བུ་རྒྱལ་མཚན་གྱི་ སྐུ་མདུན་ལས་ དབུ་མའི་ལོ་རིམ་ མཐར་ཕྱིན་པའི་ཁར་ རྒྱ་གར་རྫོང་སར་བཤད་གྲྭ་དང་ འབྲས་སྤུངས་བློ་གསལ་གླིང་ དེ་ལས་ དགའ་ལྡན་ཤར་རྩེ་ལ་སོགས་པའི་ ཆོས་སྡེ་ཚུ་གི་ནང་ཡང་ མདོ་སྔགས་རིག་གནས་དང་བཅས་པ་ལུ་ ལོ་ངོ་མང་རབས་ཅིག་གི་རིང་ ཤེས་ཡོན་ཁ་སྐོང་ཚུ་ གཟིགས་ཏེ་བཞུགས་ནུག

དེ་ལས་ འབྲུག་ལུ་ ལོག་བྱོན་ཞིནམ་ལས་ རྟ་ལོག་བཤད་གྲྭའི་ནང་ སློབ་གོང་གི་ ཕྱག་འགན་བཞེས་ཏེ་ ལོ་ངོ་ ༥ ལྷགཔ་ཅིག་ ནང་གི་སློབ་སྟོན་དང་ ཕྱི་ཁའི་འཛུགས་བསྐྲུན་ཚུ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ཡོདཔ་ཨིན་པས།

དེ་མ་ཚད་ ཐིམ་ཕུ་སྤྱི་གཞི་དགོན་པ་ལུ་ རྡོ་རྗེ་སློབ་དཔོན་ གྲུབ་དབང་བསོད་ནམས་རྒྱ་མཚོ་ལས་ ཕྱག་ཆེན་ཆོས་དྲུག་གི་ གདམས་པ་ཞུ་སྟེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཉམས་ལེན་ཚུ་ཡང་ མཛད་གནང་ཡོད་པའི་གནས་ཚུལ།

Please follow and like us: