ཡུ་ཨེཛ་གིས་ རྒྱ་ནག་ལས་ཐོན་མི་ སྨན་རྫས་ཕེན་ཊ་ནིལ་ཟེར་མི་ ནག་ཚོང་དང་འབྲེལ་ཏེ་ རྒྱ་ནག་གི་ ཚོང་སྡེ་ཚུ་བཀག་དམ།

རོའི་ཊརཛ།
ཡུ་ཨེཛ་གིས་ རྒྱ་ནག་ལས་ཐོན་མི་ སྨན་རྫས་ཕེན་ཊ་ནིལ་ཟེར་མི་ ནག་ཚོང་དང་འབྲེལ་ཏེ་ རྒྱ་ནག་གི་ ཚོང་སྡེ་དང་ འབྲེལ་ཡོད་མི་ངོམ་ཚུ་ལུ་ ཚོང་འབྲེལ་བཀག་དམ་འབད་ནུག།
དེ་ཡང་ སྲིད་འཛིན་ཇོ་བ་ཡེ་ཌེན་གྱི་ གཞུང་སྐྱོང་ཁ་ཐུག་ལས་ ཉེན་ཁ་འཚུབ་ཅན་ཡོད་པའི་ སྨན་རྫས་ཕེན་ཊ་ནིལ་ ནག་ཚོང་འཐབ་མི་ཚུ་ བཀག་དམ་འབད་ནི་གི་ དམིགས་གཏད་དང་འཁྲིལ་ཏེ་ཨིན་པས།
ཡུ་ཨེཛ་གི་ རྩོད་པོན་ཡོངས་ཁྱབ་ མེ་རིག་གར་ལེན་གྱིས་ ཡུ་ཨེཛ་གི་ མི་སེར་ཚུ་ལུ་ ཕེན་ཊ་ནིལ་བྱིན་ཏེ་ བསད་མི་ག་ཨིན་ན་ ཧ་གོ་ཡི་ཟེར་ བཤད་ཡོདཔ་མ་ཚད་ ང་བཅས་ཀྱིས་ ཨ་མ་རི་ཀའི་ མི་སེར་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ རྒྱ་ནག་གི་ རྫས་སྦྱོར་ཚོང་སྡེ་ཚུ་གིས་ ཕེན་ཊ་ནིལ་ བཀྲམ་སྤེལ་འབད་མི་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་སྦེ་ཡང་ ཧ་གོ་ཡི་ཟེར་བཤད་ནུག།
ཡུ་ཨེཛ་གི་ དངུལ་མཛོད་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ བརྗོད་དོན་དང་འཁྲིལཝ་ད་ རྒྱལ་སྤྱིའི་གནས་རིམ་ལུ་ ཁྲིམས་འགལ་གྱི་ སྨན་རྫས་བཀྲམ་སྤེལ་ནང་ འབྲེལ་བ་ཡོད་མི་ རྒྱ་ནག་ལུ་ གཞི་གནས་འབད་དེ་ ཚོང་སྡེ་སྦོམ་ཅིག་གིས་གཙོས་པའི་ ཚོང་སྡེ་གཞན་ཚུ་དང་ མི་ངོམ་བསྡོམས་ ༢༨ ལུ་ བཀག་དམ་འབད་ཡི་ཟེར་ཨིན་པས།
ཡུ་ཨེཛ་གི་ དྲང་ཁྲིམས་ལས་ཁུངས་ཀྱིས་ཡང་ རྒྱ་ནག་ལུ་ གཞི་གནས་འབད་མི་ ཚོང་སྡེ་ ༨ དང་ མི་གྲངས་ ༡༢ ལུ་ ཕེན་ཊ་ནིལ་དང་ མེ་ཋམ་ཕེ་ཊ་མིན་ བཟོ་སྦྱོར་དང་ བཀྲམ་སྤེལ་འབད་བའི་ ཉེས་འཛུགས་འབད་ཡོད་རུང་ མི་ག་ཡང་ འཛིན་བཟུང་མ་འབད་ཟེར་བཤད་ནུག།
གནད་དོན་དེ་གི་སྐོར་ལས་ ཝ་ཤིང་ཊཱོན་ལུ་ཡོད་མི་ རྒྱ་ནག་གཞུང་ཚབ་ཡིག་ཚང་ལས་ རྒྱ་ནག་གཞུང་གིས་ སྨྱོ་རྫས་བཀག་དམ་ལུ་ གཙོ་བོར་བཟུང་དོ་ཡོདཔ་ལས་ ད་རེས་ ཡུ་ཨེཛ་གི་ བཀག་དམ་དེ་ འོས་འབབ་མེད་པའི་ ཁ་ཉེས་བཀལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: