ཀེ་ན་ཌ་ལུ་ སིག་ཆོས་ལུགས་ཀྱི་ འགོ་ཁྲིདཔ་ཅིག་ བསད་མི་ལུ་བརྟེན་ཏེ་ རྒྱ་གར་དང་ ཀེ་ན་ཌའི་ མཐུན་ལམ་ལུ་དོ་འགྲན།

རོའི་ཊརཛ།
ཀེ་ན་ཌའི་བློན་ཆེན་ ཇཱཛ་ཊིན་ཊུ་ཌོ་གིས་ སིག་ཆོས་ལུགས་ཀྱི་འགོ་ཁྲིདཔ་ ཧར་དིབ་སིང་ ནི་ཇར་ཟེར་མི་ བསད་མིའི་ནང་ རྒྱ་གར་གྱི་ ངོ་ཚབ་ཚུ་ཡང་ འབྲེལ་བ་ཡོད་པའི་ དོགས་པ་ཡོདཔ་སྦེ་ བཤད་པ་ལུ་བརྟེན་ཏེ་ རྒྱ་གར་དང་ ཀེ་ན་ཌའི་ མཐུན་ལམ་ལུ་ དོ་འགྲན་བྱུང་ཡོདཔ་ཨིན་པས།
དེ་ཡང་ རྒྱ་གར་གཞུང་གིས་ རྒྱ་གར་ལུ་ཡོད་མི་ ཀེ་ན་ཌའི་ གཞུང་ཚབ་ཡིག་ཚང་གི་ ལས་གཡོགཔ་ཕྱེད་ཀ་ལྷགཔ་ཅིག་ མར་ཕབ་འབད་དགོཔ་སྦེ་ སླབ་ཡོདཔ་ད་ མ་གཞི་ ལོ་ ༣ གྱི་ཧེ་མ་ རྒྱ་གར་གྱིས་ ཧར་དིབ་སིང་དེ་ དྲག་ཐོག་དབང་བཙོང་འབད་མི་ཅིག་ཨིན་པའི་ ངོས་འཛིན་འབད་ནུག།
དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༡༠ ལུ་ སྡེ་ཚན་ ༢༠ གི་ འཐུས་མི་རྒྱལ་ཁབ་ཚུ་གི་ ཞལ་འཛོམས་སྐབས་ལུ་ ཞལ་འཛོམས་ཀྱི་ ཕྱི་ཁར་སྦེ་ རྒྱ་གར་གྱི་བློན་ཆེན་ ན་རེན་དར་ མོ་དི་གིས་ ཀེ་ན་ཌའི་ བློན་ཆེན་ལུ་ ཀེ་ན་ཌ་ལུ་ཡོད་མི་ སིག་ཆོས་ལུགས་འཛིན་མི་ཚུ་གིས་ ངོ་རྒོལ་ཚུ་དང་འབྲེལ་བའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༡༨ ལུ་ ཀེ་ན་ཌའི་ བློན་ཆེན་གྱིས་ ཁོང་རའི་སྤྱི་ཚོགས་ནང་ ནི་ཇར་བསད་མིའི་ནང་ རྒྱ་གར་གཞུང་གི་ ངོ་ཚབ་ཚུ་ཡང་ འབྲེལ་བ་ཡོད་པའི་ དོགས་པ་ཡོདཔ་ལས་ བལྟ་ཞིབ་ཚུ་འབད་དོ་ཟེར་བཤད་ནུག།
དེ་འབདཝ་ལས་ སྤྱི་ཟླ་ ༩ པའི་ཚེས་ ༡༩ ལུ་ རྒྱ་གར་གྱི་ཁ་ཐུག་ལས་ དེ་བཟུམ་མའི་ ཁ་ཉེས་བཀལ་མི་དེ་ འབྱུང་ཁུངས་མེད་པའི་ གཞི་ཅིག་ཨིནམ་སྦེ་ བཤད་པའི་ཤུལ་ལས་ རྒྱ་ཁབ་གཉིས་ཆ་ར་གིས་ གཞུང་ཚབ་ཡིག་ཚང་ཕན་ཚུན་གྱི་ ལས་གཡོདཔ་རེ་ བཏོན་བཏང་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱ་གར་གྱི་ཧོངས་ལས་ ཀེ་ན་ཌ་ལུ་ཡོད་མི་ རྒྱ་གར་གྱི་ མི་ཁུངས་ཚུ་ལུ་ དྲན་པ་བཏོན་དགོ་པའི་ བརྡ་བསྐུལ་འབད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་དང་ ཨཱཛ་ཊེ་ལི་ཡ་ བི་རི་ཊེན་ཚུ་གིས་ཡང་ ཚ་གྱང་ཡོད་ལུགས་ཚུ་བཤད་ནུག།
སྤྱི་ཟླ་ ༩ པའི་ཚེས་ ༢༢ ལས་ འགོ་བཟུང་སྟེ་ རྒྱ་གར་གྱིས་ ཀེ་ན་ཌའི་ མི་སེར་ཚུ་ལུ་ རྒྱ་གར་རྒྱལ་ཁབ་ནང་ འཛུལ་ཞུགས་ཆོག་ཐམ་ བྱིན་ནི་ཚུ་ཡང་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: