ཕུན་ཚོགས་གླིང་ལུ་ སྦས་གནས་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ འཛམ་གླིང་སྙན་ཆའི་དུས་སྟོན།

སྤྱི་ཟླ་ ༡༠ པའི་ཚེས་ ༦ ལས་ ༡༢ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ ཕྱི་རོའི་ཆུ་ཚོད་ ༦.༣༠ ལས་ དྲོ་པའི་ཆུ་ཚོད་ ༣ ཚུན་ ཉམས་དགའ་བའི་གླིང་ག་དང་ རྐང་ལམ་ཚུ་གིས་ མཐའ་བསྐོར་ཏེ་ཡོད་མི་ ཕུན་ཚོགས་གླིང་ ཨ་མོ་ཆུའི་མཐའ་མར་ སྦས་གནས་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ འཛམ་གླིང་སྙན་ཆའི་དུས་སྟོན་ ༢༠༢༣ པ་ བརྩི་སྲུང་འབདཝ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ ཐིམ་ཕུ་བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དུས་སྟོན་དེ་ནང་ འབྲུག་གི་སྒྱུ་རྩལཔ་དང་ རྒྱ་གར་ལས་ རི་ཏོ་རི་བ་དང་ པ་ཝཱན་དིབ་ར་ཇཱན་ ལ་ཀི་ཨ་ལི་ལ་སོགས་པའི་ སྐད་འཐེན་མི་ སྙན་གྲགས་ཅན་དང་ བང་ལ་དེཤ་དང་ ནེ་དར་ལེན་ལས་ སྙན་ཆའི་སྡེ་ཚན་ཚུ་གིས་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
དེ་མ་ཚད་ དུས་སྟོན་ཉིནམ་ ༡ པ་དང་ ༣ པར་ དྲོ་པའི་ཆུ་ཚོད་ ༡༡ ལས་ ཉིན་མའི་ཆུ་ཚོད་ ༡༢ ཀྱི་བར་ན་ ལམ་སྲོལ་སྣ་ཚོགས་ཀྱི་ ལས་རིམ་དང་ ཕྱི་རོའི་ཆུ་ཚོད་ ༡༡ ལས་ དྲོ་པའི་ཆུ་ཚོད་ ༣ ཚུན་ ས་གནས་དང་ ཕྱི་ཁའི་སྙན་ཆ་དཀྲོགས་མི་ མིང་གཏམ་ཅན་ཚུ་དང་གཅིག་ཁར་ མི་མང་སྤྲོ་སྟོན་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཨིན་པས།
དེ་བཟུམ་སྦེ་ དུས་སྟོན་དེ་ནང་ བྱོན་མི་ཚུ་གིས་ ལུང་ཕྱོགས་སོ་སོའི་ བཞེས་སྒོ་མ་འདྲཝ་་ཚུ་ བཞེས་ནི་གི་ གོ་སྐབས་ཡོད་པའི་ཁར་ ཅ་ཆས་མ་འདྲ་བའི་ ཚོང་སྟེགས་དང་ བཟའ་འཐུང་གི་རིགས་ཚུ་ཡང་ འགྲེམ་སྟོན་དང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
དུས་སྟོན་དེ་གི་སྐོར་ལས་ བལྟ་བཤལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སྦས་གནས་རྒྱལ་བརྒྱུད་རྒྱལ་ཁབ་ཀྱི་ འཛམ་གླིང་སྙན་ཆའི་ དུས་སྟོན་དེ་ འབྲུག་པའི་མི་སྡེ་ཚུ་གི་ ལམ་སྲོལ་མ་འདྲཝ་ཚུ་ བརྩི་སྲུང་དང་ གོང་འཕེལ་གཏང་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་པའི་ཁར་ རྒྱལ་ཁབ་ཚུ་གི་བར་ན་ ལམ་སྲོལ་བརྗེ་སོར་དང་ ཕྱི་ཁའི་མགྱོནམ་ཚུ་གིས་ འབྲུག་པའི་སྙན་ཆ་ལུ་ སྔར་བ་ལྷག་པའི་ དང་འདོད་མཐའ་སྐྱོང་འབད་ནི་གི་ གོ་སྐབས་ཅིག་ཡང་ཨིན་ཟེར་བཤད་ནུག།
དུས་སྟོན་དེ་གི་ དམིགས་དོན་གཙོ་བོ་ར་ རྒྱལ་སྤྱི་སྙན་ཆའི་ ལམ་སྲོལ་ཚུ་གི་སྒོ་ལས་ མཉམ་འབྲེལ་འཐབ་ནི་དང་ ལམ་སྲོལ་བརྗེ་སོར་ དེ་ལས་ ས་གནས་ཀྱི་ མི་སེར་ཚུ་དང་ ཕྱི་ཁའི་མི་སེར་ཚུ་གིས་ འབྲུག་གི་བཟའ་འཐུང་དང་ སྙན་ཆའི་སྐོར་ལས་ ཉམས་མྱོང་ཚུ་ བརྗེ་སོར་འབད་ཐབས་ལུ་ཨིན་པས།
དུས་སྟོན་དེ་ལུ་ འབྲུག་ཡིད་ཆེས་དང་ འབྲུག་གི་དངུལ་ཁང་གི་ མ་དངུལ་གྲོགས་རམ་དང་ བལྟ་བཤལ་ལས་ཁུངས་ཀྱི་ རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: