སྤ་རོ་སྤང་སྦིས་ས་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ བཀྲ་ཤིས་རབ་གནས།

རང་ཟླ་ ༨ པའི་ཚེས་ ༢༡ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ སྤ་རོ་སྤང་སྦིས་སར་ཡོད་མི་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ སྒྲིང་ཁྱིམ་གསར་བསྒྲུབས་ལུ་ བཀྲ་ཤིས་རབ་གནས་གནང་ཡི།
བཀྲ་ཤིས་རབ་གནས་གྱི་ མཛད་སྒོའི་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་ མི་དབང་རྒྱལ་སྲས་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་བཞུགས་མཛད་ཡོདཔ་མ་ཚད་ གྲོགས་རམ་འབད་མི་ཚུ་དང་ གོང་འཕེལ་མཉམ་རོགས་ དེ་ལས་ སློབ་ཕྲུག་བགྲེསཔ་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་སྦེ་ བཀྲིས་རབ་གནས་ གནངམ་དང་གཅིག་ཁར་ ཁྲིམས་ཀྱི་སློབ་སྡེ་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འབྱུང་ནི་ལུ་དམིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱ་བཞི་པ་མཆོག་ལས་ དངོས་གྲུབ་ཞུ་ཐབས་ལུ་ བཀྲིས་མངའ་གསོལ་གྱི་ རྟེན་འབྲེལ་ཡང་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
དེ་བསྒང་ ཁྲིམས་ཀྱི་སློབ་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ ཁྲིམས་ཀྱི་སློབ་སྡེའི་ འཐུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ འབུལ་བ་ཚུ་ཡང་ཕུལ་ནུག།
རྒྱལ་ཁབ་ནང་ ཁྲིམས་ཀྱི་སྐོར་ལས་ སྦྱང་བརྩོན་འབད་སའི་ སློབ་གྲྭ་དེ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེ་ ཉག་ཅིག་ར་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༡༥ ལུ་ བཀའ་ཁྲིམས་ཐོག་ལས་ གཞི་བཙུགས་གནང་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ སློབ་སྡེ་དེ་ནང་ལས་ ཁྲིམས་དོན་ཤེས་ཡོན་སྦྱངས་མི་ སྡེ་ཚན་ ༢ ཀྱིས་ མཐར་འཁྱོལ་ཡོདཔ་ད་ སློབ་སྡེ་དེ་ དེང་དུས་དང་བསྟུན་པའི་ མཐུན་རྐྱེན་ཚུ་གུ་ གཞི་རྟེན་མཁོ་ཆས་ཚུ་ ལམ་སྲོལ་དང་ རིག་གསར་ ༢ ཀྱི་ཐོག་ལས་ མཛེས་ཆ་དང་ལྡན་པའི་ ས་ཁོངས་ཅིག་སྦེ་ གནས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: