
རང་ཟླ་ ༨ པའི་ཚེས་ ༢༥ སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ ཐིམ་ཕུ་ཧོང་མཚོ་ལུ་ཡོད་མི་ ལྷ་རྫོང་བཀྲ་ཤིས་སྒང་དགོན་པའི་ལྷ་ཁང་ལུ་ བཀྲ་ཤིས་རབ་གནས་ མཛད་གནང་ནུག།
དེ་བསྒང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཚོག་གིས་ དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་ཚུ་དང་ གཞུང་གྲྭ་ཚང་གི་ བླ་སློབ་ཚུ་གིས་ གྲལ་གཏོགས་མཛདཔ་ཡོདཔ་མ་ཚད་ དད་ཅན་མི་སེར་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
བཀྲ་ཤིས་སྒང་དགོན་པ་འདི་ རྗེ་མཁན་ཁྲི་རབས་ ༡༢ པ་ ཀུན་དགའ་རྒྱ་མཚོ་མཆོག་གིས་ བཞེངས་གནང་པའི་ཤུལ་ལས་ རྗེ་མཁན་ཁྲི་རབས་ ༡༩ པ་ ངག་དབང་ཆོས་རྒྱལ་མཆོག་གིས་ ལྷ་ཁང་ ༤ འབད་མི་ ཐོག་ཚད་ ༣ ལུ་ བརྒྱ་བསྐྱེད་མཛད་གནང་ནུག།
དེ་ཡང་ གཞུང་གྲྭ་ཚང་གིས་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མགོན་ཁང་འདི་ ཐོག་དང་པའི་ནང་དང་ ཀུམ་བྷ་ལྷ་ཁང་འདི་ ཐོག་གཉིས་པའི་ནང་ དེ་ལས་ གནས་བརྟན་དང་ རྡོ་རྗེ་འཆང་ལྷ་ཁང་འདི་ ཐོག་གསུམ་པའི་ནང་ཡོད་ཟེར་ཨིན་པས།
དགོན་པ་འདི་ ཧེ་མར་ཉམས་བཅོས་དུམ་གྲ་རེ་ལས་ མ་རྐྱབ་རུང་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལས་ འགོ་བཙུགས་ཏེ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གི་ སྐྱབས་འཛིན་འོག་ལུ་ རབ་གསལ་དང་ འཐིང་གཞི་ སྒོ་སྒྲིག གནམ་པང་ཚུ་གིས་གཙོས་པའི་ ཤིང་བཟོ་ཡོངས་རྫོགས་དང་ ལྡེབས་རིས་དང་ གྱང་བསྐྱར་གསོ་ དེ་ལས་ མཆོད་བཤམ་དང་ གསེར་ཏོག་ཚུ་གུ་ གློག་མེ་གསར་བཙུགས་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་ རྡོ་ལེབ་བཀབ་ནི་གི་ ལས་སྣ་ཙུ་ག་ར་ ལེགས་ཤོམ་སྦེ་ མཇུག་བསྡུ་ནུག།
ཉམས་བཅོས་ཀྱི་ལཱ་ཚུ་ རྒྱལ་ཡོངས་མཁོ་སྒྲུབ་དང་ རྒྱུ་དངོས་ལས་ཁུངས་དང་ གཞུང་གྲྭ་ཚང་གི་ རྟེན་སྲུང་ལས་ཁུངས་འོག་ལུ་ ཐང་ཀ་ཉམས་གསོ་ལྟེ་བའི་ དགེ་སློང་ཚུ་ དེ་ལས་ ལམ་སྲོལ་ལས་ཁུངས་དང་ ཐིམ་ཕུ་རྫོང་ཁག་ཚུ་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1437180
Views Today :
Total views : 5000
Who's Online :