དཱན་ཏག་ལས་འགུལ་གྱིས་ འབྲུག་གི་གཞི་རྟེན་མཁོ་ཆས་ ཡར་དྲགས་ཀྱི་དོན་ལས་ མཐུད་སྦྲེལ་རུང་བའི་ ལྕགས་ཟམ་འགོ་འབྱེད།

སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ རྒྱ་གར་ལམ་སེལ་ལས་འགུལ་ དཱན་ཏག་གིས་ འབྲུག་གཞུང་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་གཞི་རྟེན་མཁོ་ཆས་ ཡར་དྲགས་ཀྱི་དོན་ལས་ བཟོ་བསྐྲུན་འབད་མི་ ལྕགས་ཟམ་ ༢ འགོ་འབྱེད་འབད་ནུག།
དེ་ཡང་ ཧཱ་དཀར་ནག་དང་ ཚ་འཕེལ་གཡུས་ཚན་ནང་ སྣུམ་འཁོར་ ༢ རེ་ སྟབས༌གཅིག༌ཁར༌ འགྲུལ༌སྐྱོད༌འབད༌བཏུབ༌པའི་ གཏན་འཇགས་སྡེ་རིམ་ ༧༠ འབད་མི་ མཐུད་སྦྲེལ་རུང་བའི་ ལྕགས་ཟམ་ ༢ པོ་དེ་ མཐར་འཁྱོལ་ཅན་སྦེ་ བཟོ་བསྐྲུན་འབད་ཡོདཔ་ཨིན་པས།

དེ་བཟུམ་མའི་ མཐུད་སྦྲེལ་རུང་བའི་ཟམ་ཚུ་ བཟོ་རིག་དང་ བཟོ་བསྐྲུན་གྱི་ལཱ་ནང་ སྔོན་ཆད་མེད་པའི་ གྲུབ་འབྲས་ཅིག་ཨིན་པའི་ནང་ལས་ཡང་ ག་ནི་བ་ མགྱོགས་དྲགས་སྦེ་ བཟོ་བསྐྲུན་འབད་ཚུགས་མི་དེ་ ཡ་མཚན་ཆེ་བའི་ ཁྱད་ཆོས་ཅིག་ཨིན་པས།
ཧཱ་ལུང་ཕྱོགས་ཀྱི་ ལྕགས་ཟམ་ ༢ པོ་དེ་ ཟླཝ་ ༣ གྱི་ ནང་འཁོད་ལུ་ གྲུབ་ཡོདཔ་ད་ ནམ་རྒྱུན་གྱི་ གཏན་འཇགས་སྡེ་རིམ་ ༧༠ པའི་ རྩི་སའི་ཟམ་ བཟོ་བསྐྲུན་འབད་ནི་ལུ་ ལོ་ངོ་ཕྱེད་དང་ ༢ དང་ ལོ་ངོ་ ༢ དེ་རེ་ འགོར་དོ་ཡོདཔ་ཨིན་པས།
ད་རེས་ཀྱི་ མཐུད་སྦྲེལ་རུང་བའི་ ལྕགས་ཟམ་ཚུ་གིས་ ལྗིད་ག་ནི་བ་ལྕི་བའི་ དོ་ཆས་འབག་མི་ ཌམ་པར་ཟེར་མི་ སྣུམ་འཁོར་ཊག་ཚུ་ཡང་ འབག་ཐེགཔ་ཨིན་པས།
འབྲུག་ལུ་ མཐུད་སྦྲེལ་རུང་བའི་ ལྕགས་ཟམ་ཚུ་ དཱན་ཏག་ལས་འགུལ་གྱི་ ས་མཚམས་འཁོར་ལམ་ལས་ཚོགས་ཀྱིས་ ངོ་སྤྲོད་འབད་མི་ཚུ་ དང་ཕུའི་འཕྲུལ་རིག་ཐོག་གི་ བ་ཟམ་དང་ དེང་སང་གི་ རྩི་སའི་ཟམ་གྱི་བར་ན་ དོ་མཉམ་འཕྲུལ་རིག་ཐོག་གི་ ཐབས་ལམ་ཅིག་ཨིནམ་ད་ ལྕགས་ཟམ་དེ་ཚུ་ ལོ་ངོ་ ༥༠ ལྷགཔ་རེ་ སྤྱོད་བཏུབ་ནི་ཨིན་པས།
ད་རེས་ གསར་བསྒྲུབས་འབད་མི་ ཧཱ་གི་ལྕགས་ཟམ་ཚུ་གི་ འགོ་འབྱེད་རྟེན་འབྲེལ་དེ་ སྐུ་མགྲོན་གཙོ་བོ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་བློན་པོ་ རྡོ་རྗེ་ཚེ་རིང་གིས་ མཛད་ཡོད་པའི་གནས་ཚུལ།

Please follow and like us: