
སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་གསུམ་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ ཚོགས་ཐེངས་ ༡༠ པ་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ གྲལ་གཏོགས་མཛད་ཡོདཔ་མ་ཚད་ བློན་པོ་བགྲེསཔ་ཚུ་དང་ གཞུང་གི་དཔོན་ཁག་ དེ་ལས་ སློབ་ཕྲུག་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
སྤྱི་ཚོགས་ ༣ པའི་ རྒྱལ་ཡོངས་ཚོགས་ཐེངས་ ༡༠ པ་དེ་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་ཚུ་གིས་ མི་དབང་མངའ་ཞབས་ལུ་ བཀྲིན་དགའ་ཚོར་ཚུ་ ཞུ་བའི་ཤུལ་ལས་ མི་དབང་མཆོག་ལུ་ ཞབས་བརྟན་ཕུལ་ཏེ་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ མཇུགས་བསྡུ་ཡི།
རྒྱལ་ཡོངས་ཚོགས་འདུའི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ འགོ་བཙུགས་མི་ ཚོགས་ཐེངས་ ༡༠ པའི་ནང་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་ དཔྱད་ཡིག་ ༢༠༢༣ ཅན་མ་འདི་ རྒྱལ་ཡོངས་ཚོགས་སྡེ་ལས་ རྒྱལ་ཡོངས་ཚོགས་འདུ་ལུ་ ལྷོད་པའི་ཤུལ་ལས་ བསྐྱར་གྲོས་གནང་སྟེ་ ཆ་འཇོག་གྲུབ་ཡོད་མི་དེ་ བཀའ་འགྲོལ་གྱི་དོན་ལས་ མི་དབང་ཞབས་ལུ་ ཕུལ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོགས་བཞུགས་དེ་ནང་ དངུལ་རྩིས་བློན་པོ་དང་ གཞི་རྟེན་མཁོས་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཚོགས་ཐེངས་ ༩ པའི་ གྲོས་ཆོད་དང་ལེན་གྱི་ གནས་ཚད་སྙན་ཞུ་ཡང་ཡང་ཕུལ་ནུག།
དེ་ལས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ སྤྱི་ལོ་ ༢༠༢༢-༢༠༢༣ ལོའི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུའི་གུ་ བསྐྱར་ཞིབ་འབད་དེ་ གསལ་ཞུ་ཕུལ་མི་དང་གཅིག་ཁར་ གྲོས་འདེབས་ཁག་ ༥ ཕུལ་མི་ལུ་ ཚོགས་ཁང་གིས་ གྲོས་བསྡུར་གནང་སྟེ་ རྒྱབ་སྣོན་ཆ་སྦྱོར་ གནང་ཡི་ཟེར་ཨིན་པས།
དྲི་བཀོད་སྐབས་ལུ་ རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་གནད་སྤྱོད་དང་འཁྲིལ་ཏེ་ དྲི་བ་ཡོངས་བསྡོམས་ ༢༩ བློན་ཆེན་དང་ བློན་པོ་ཚུ་ལུ་ བཀོད་པའི་ནང་ལས་ ངག་ཐོག་གི་ དྲི་བ་ ༢༧ བཀོད་མི་ཚུ་ལུ་ དྲིས་ལན་ཕུལ་བའི་ཁར་ ཡིག་ཐོག་གི་ དྲི་བ་ ༢ བཀོད་མིའི་ལན་ཚུ་ཡང་ དང་ལེན་མཛད་ནུག།
དྲི་བཀོད་སྐབས་ལུ་ དཔལ་འབྱོར་གནས་སྟངས་དང་ མི་སྡེ་ སྲིད་བྱུས་དང་ གོང་འཕེལ་གྱི་ གནད་དོན་དང་འབྲེལ་བའི་ དྲི་བ་ཚུ་ཡང་ བཀོད་ཡོདཔ་ཨིན་པས།
དམངས་རྩིས་ཚོགས་ཆུང་གིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུའི་གུ་ བསྐྱར་ཞིབ་འབད་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ གསལ་ཞུ་ཕུལ་ཡོད་མི་དེ་ཡང་ འཐུང་ཆུ་རིམ་ལུགས་ཀྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་དང་ གློག་ཐོག་ཉེན་སྲུང་གྲ་སྒྲིག་གི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ཚུ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།






Users Today : 143
Users Yesterday : 1453
This Month : 143
This Year : 296109
Total Users : 1007925
Views Today : 258
Total views : 2929861
Who's Online : 10