མི་དབང་མཆོག་ དེ་ཝི་པཱན་ཅ་ཡཱན་ ཧིན་དྷུའི་ལྷ་ཁང་ནང་ ལྷ་མོ་རྫོང་གཉེར་མའི་ སྐུ་མཆོད་ལུ་ ཐུགས་སྨོན་གནང་པར་བྱོན་ཡོདཔ།

སྤྱི་ཟླ་ ༡༠ པའི་ཚེས་ ༢༡ གི་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ཡོད་མི་ དེ་ཝི་པཱན་ཅ་ཡཱན་ ཧིན་དྷུའི་ལྷ་ཁང་ནང་ དུར་ག་པུ་ཇ་ཟེར་ ལྷ་མོ་རྫོང་གཉེར་མའི་ སྐུ་མཆོད་ལུ་ ཐུགས་སྨོན་གནང་པར་ བྱོན་གནང་ནུག།

ལྷ་མོ་རྫོང་གཉེར་མའི་ སྐུ་མཆོད་དེ་ ད་སའི་དུས་སྟོན་གྱི་ སྔ་གོང་ལུ་ བརྩི་སྲོལ་ཡོདཔ་ད་ དེ་ཡང་ དུས་ཅི་འབད་བ་ཅིན་ སྤྱི་ཟླ་ ༡༠ པའི་ཚེས་ ༢༤ ལུ་ ཕོགཔ་ཨིན་པས།

སྐུ་མཆོད་དེ་ནང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ གཞུང་གི་འགོ་དཔོན་ཚུ་དང་ ཧིན་དྷུ་ཆོས་སྡེ་ཚོགས་པའི་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་མ་ཚད་ ཐིམ་ཕུ་ལུ་ཡོད་མི་ ཧིན་དྷུའི་མི་སྡེ་ཚུ་ཡང་ མི་དབང་མངའ་ཞབས་མཆོག་གི་ ཞལ་མཇལ་ནི་དང་ སྨོན་ལམ་ཚུ་ བཏབ་ནི་གི་དོན་ལས་ སྐུ་མཆོད་དེ་ཁར་ སྤུངས་འཛོམས་འབད་ནུག།

ད་སའི་ཊི་ཀ་དེ་ རྫོང་ཁག་ཚུ་ནང་ བཏང་ནི་གི་དོན་ལས་ མི་དབང་མང་ཞབས་མཆོག་གིས་ བྱིན་གྱིས་བརླབས་གནང་ཡོདཔ་ད་ ད་སའི་དུས་སྟོན་དེ་ འབྲུག་གི་ཧིན་དྷུའི་མི་སྡེ་ཚུ་གིས་ སྲུང་སྐྱོབ་བྱིན་རླབས་ཀྱི་ རྟགས་མཚན་ལུ་ རང་སོའི་ཕམ་རྒན་རྒས་ཚུ་ལས་ དཔྱལཝ་གུ་ ཊི་ཀ་ཟེར་ ཚོས་གཞི་དམརཔོ་ བཀལ་སྲོལ་ཡོདཔ་ཨིན་པས།

དེ་འབདཝ་ལས་ མི་སེར་གྱི་རྒྱལཔོ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་སེར་ཡོངས་ཀྱི་ ཡབ་རྗེ་དམ་པའི་ཚུལ་ལུ་ མི་དབང་མཆོག་གིས་གནང་མི་ ཊི་ཀ་དེ་ ག་ནི་བ་ཡང་ བྱིན་རླབས་ཆེཝ་སྦེ་ བརྩི་བཀུར་དང་ གུས་བཏུད་ཞུཝ་ཨིན་པའི་གནས་ཚུལ།

Please follow and like us: