
སྤྱི་ཟླ་ ༡༠ པའི་ཚེས་ ༢༣ དང་ ༢༤ ལུ་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་གསུང་གྲོས་ ཐེངས་ ༢༥ པ་དེ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ གནང་ཡོདཔ་ཨིན་པས།
གསུང་གྲོས་དེ་ནང་ འབྲུག་གི་སྡེ་ཚན་དེ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལཱ་ལྷན་ཁག་གི་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ དབུ་ཁྲིད་མཛད་ཡོདཔ་ད་ རྒྱ་ནག་གི་སྡེ་ཚན་དེ་ རྒྱ་ནག་གི་ ཕྱི་འབྲེལ་བློན་པོ་འོགམ་ སུན་ཝེ་དོང་གིས་ འགོ་ཁྲིད་འབད་ནུག།
དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ ས་མཚམས་ཀྱི་ འགྲིགས་ཆ་དང་ སྤྱི་ལོ་ ༢༠༡༦ ལུ་ ས་མཚམས་གསུང་གྲོས་ ཐེངས་ ༢༤ པ་ གནང་ཞིནམ་ལས་ཚུར་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཚུ་བརྒྱུད་དེ་ ཡར་འཕེལ་བྱུང་མི་ཚུ་གི་སྐོར་ལས་ གསུང་གྲོས་ཞིབ་ཞིབ་སྦེ་ གནང་ཡོདཔ་ཨིན་པས།
སྡེ་ཚན་འགོ་ཁྲིདཔ་ ༢ ཀྱིས་ མཁས་མཆོག་སྡེ་ཚན་གྱིས་འབད་མི་ ལཱ་ཚུ་ལུ་ ལེགས་སོ་ཡོད་ལུགས་ བཤད་ཡོདཔ་ད་ ད་ལས་ཕར་ གསུང་གྲོས་ཚུ་ ལེགས་ཤོམ་སྦེ་ གནང་ནི་གི་ ཞལ་འཆམ་ཡང་བྱུང་ནུག།
དེ་མ་ཚད་ འབྲུག་དང་ རྒྱ་ནག་གི་ བཅད་མཚམས་དང་ ས་མཚམས་བཀལ་ནི་དང་འབྲེལ་བའི་ མཉམ་འབྲེལ་ཁྱད་ལཱ་སྡེ་ཚན་གྱི་ ལཱ་དང་ འགན་ཁུར་ཚུ་གི་ མཉམ་འབྲེལ་ཆིངས་ཡིག་གཅིག་ལུ་ཡང་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
མཉམ་འབྲེལ་ཁྱད་ལཱ་སྡེ་ཚན་དེ་ ཐབས་ལམ་ ༣ གྱི་ མདུན་ལམ་དང་བཅསཔ་སྦེ་ བཟོ་སྟེ་ཡོད་མི་ གོ་དོན་ཆིངས་ཡིག་ ལག་ལེན་འཐབ་མི་ མཁས་མཆོག་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༣ པའི་ནང་ལས་ གཞི་བཙུགས་འབད་ནུག།
གསུང་གྲོས་སྐབས་ལུ་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་དུས་མཉམ་ཐོག་ལས་ ཐབས་ལམ་ ༣ གྱི་ མདུན་ལམ་ག་ར་ ལག་ལེན་འཐབ་ནི་ལུ་ ཞལ་འཆམས་བྱུང་ཡོདཔ་ད་ དེ་ཡང་ འབྲུག་དང་ རྒྱ་ནག་གི་བར་ན་ཡོད་མི་ མཛའ་བཤེས་མཐུན་ལམ་ལུ་བརྟེན་ཏེ་ ག་ནི་བ་ཡང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ སོང་ཡོདཔ་མ་ཚད་ རྒྱལ་ཁབ་གཉིས་ཆ་རའི་ མཐའ་དོན་ཡར་དྲགས་དང་འབྲེལ་བའི་ བསམ་འཆར་ཚུ་ཡང་ བརྗེ་སོར་འབད་ཡོདཔ་ཨིན་པས།
ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ རྒྱ་ནག་གི་ སྲིད་འཛིན་འོགམ་ ཧཱན་ཞང་དང་ སྲིད་དོན་བཀོད་ཚོགས་ཀྱི་འཐུས་མི་ ཕྱི་འབྲེལ་བློན་པོ་ ཝང་ཡི་དང་གཅིག་ཁར་ཡང་ མཇལ་འཕྲད་མཛད་ཡོདཔ་མ་ཚད་ འབྲུག་གི་སྡེ་ཚན་དེ་གིས་ འབྱུང་རབས་ཅན་དང་ ལམ་སྲོལ་ས་ཁོངས་ཚུ་ནང་ བལྟ་སྐོར་ཡང་འབད་ཡོད་པའི་གནས་ཚུལ།







Users Today : 64
Users Yesterday : 1453
This Month : 64
This Year : 296030
Total Users : 1007846
Views Today : 107
Total views : 2929710
Who's Online : 9