
བི་བི་སི།
ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ གནོད་འཚུབ་མང་སུ་བཀལ་ནི་ འགོ་བཙུགས་པ་ལུ་བརྟེན་ཏེ་ ཕྱད་མདའ་རྐྱབ་སའི་ ས་ཁོངས་ཀྱི་ ཉེ་འདབས་ལུ་ སྡོད་ནི་དེ་ ག་ནི་བ་ཡང་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ལས་ ཨ་ལོ་ ༡,༠༠༠ དེ་ཅིག་ སྡོད་གནས་སྤོ་བཤུད་འབད་དགོཔ་ཐོན་ནུག།
ཡུ་ཀེ་རེན་གྱི་ས་གནས་ ཁེར་སཱོན་གྱི་ལྷོ་ཕྱོགས་དང་ ཌོ་ནེཛ་གི་ཤར་ཕྱོགས་ལུ་ གཞིས་གནས་ ༣༡ ནང་སྡོད་མི་ ཕམ་ཚུ་ལུ་ཡང་ རང་སོའི་བཟའ་ཚང་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་སྦེ་ སླབ་ཡོདཔ་ད་ དེ་སྦེ་ སྤོ་བཤུད་འབད་བའི་སྐབས་ལུ་ སྐྱེས་ལོ་ ༡༨ མ་ལང་མི་ ཨ་ལོ་ཚུ་དང་གཅིག་ཁར་ ཕམ་དང་ སྐྱོང་བཞག་འཐབ་མི་ གང་རུང་ཅིག་ ངེས་པར་དུ་ འགྱོ་དགོཔ་སྦེ་ བཤདཔ་ཨིན་པས།
དེ་མ་ཚད་ ས་གནས་ཁར་ཀིབ་ཀྱི་ བྱང་ཤར་ས་གནས་ཚུ་ནང་ཡོད་མི་ གཞིས་གནས་ ༡༠ གྱི་ནང་ལས་ ཨ་ལོ་ ༢༧༥ དེ་ཅིག་ཡང་ སྡོད་གནས་སྤོ་ནིའི་དོན་ལས་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་བཀོད་ནུག།
འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨ་ལོ་ལེ་ཤ་ཅིག་ རྫས་བམ་བཀོག་སའི་ ས་ཁོངས་ཚུ་ནང་ཡོདཔ་ལས་ ཁྱིམ་ནང་སྡོད་ནི་དེ་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ ག་ནི་བ་ ཉེན་ཁ་ཆེཝ་ལས་ སྡོད་གནང་སྤོ་དགོཔ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ སྒོ་བཤལ་ཐོག་ལས་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ཁྱིད་དེ་ གནས་སྤོ་འགྱོ་དགོཔ་སྦེ་ ནན་བསྐུལ་འབད་དོ་ཡོདཔ་ད་ ཉེན་ཁ་ཆུང་བའི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་མི་ཚུ་ ཡུ་ཀེ་རེན་ གཞུང་གི་ཁ་ཐུག་ལས་ སློབ་གྲྭ་དང་ ཨ་ལོའི་གཅེས་སྐྱོང་ལྟེ་བ་ཚུ་ནང་ སྡོད་བཅུགཔ་ཨིན་པས་ཟེར་བཀོད་ནུག།
ཨིན་རུང་ བཟའ་ཚང་ཚུ་ སྡོད་གནས་སྤོ་བཤུད་འབད་ནི་ལུ་ དཀའ་ངལ་ཅན་དང་ ཉེན་ཁ་ཅན་ཅིག་སྦེ་ ཐོན་ཡོདཔ་ད་ དེ་ཡང་ མི་སེར་སྤོ་བཤུད་ཀྱི་དོན་ལས་ མཚོན་ཐུབ་སྣུམ་འཁོར་ཚུ་ ལངམ་སྦེ་མེད་པའི་ དཀའ་ངལ་ལུ་བརྟེན་ཏེ་ཨིན་པས།
ཕྱད་མདའི་ཐེད་ལུ་ འཕྲལ་ཁམས་ཅིག་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་དང་ ལྷོ་ཕྱོགས་ཁ་ཐུག་ལུ་ རྫས་བམ་བཀོག་ནི་ཚུ་ ཡར་སེང་སྦོམ་སྦེ་ར་ ལག་ལེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433628
Views Today :
Total views : 5000
Who's Online :