
བི་བི་སི།
ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་ཚབས་ཆེན་སྦེ་ ལང་སྟེ་ཡོདཔ་ལས་ ཉེན་ཁ་ལས་ ཟུར་ཐབས་འབད་དེ་ ས་གནས་ག་ཟ་ལུ་ གཞི་སྤོ་འགྱོ་མི་ མི་སེར་ཚུ་ ལུ་ གྲོགས་རམ་འབད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ གྲོགས་རམ་ལས་སྡེ་ཚུ་གིས་ གྲོགས་རམ་སྐྱེལ་འདྲེན་གྱི་དོན་ལུ་ ས་སྣུམ་གྱིས་མ་ལང་པའི་ དཀའ་ངལ་ལུ་བརྟེན་ཏེ་ གྲོགས་རམ་དེ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ མར་ཕབ་འབད་དགོཔ་ ཐོན་སོང་ཟེར་ བཤད་ཡོདཔ་ཨིན་པས།
དེ་ཡང་ ཨིཛ་རེལ་གྱི་ གནོད་འཚུབ་ལས་ ཟུར་ཐབས་འབད་མི་ མི་གྲངས་འབུམ་ཕྲག་ལས་བཅད་མི་ཚུ་གི་དོན་ལུ་ འཐུང་ཆུ་རྒྱུན་སྐྱོང་གི་དོན་ལས་ ལག་ལེན་འཐབ་ནི་སྦེ་ བཞག་སྟེ་ཡོད་མི་ ས་སྣུམ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
པེ་ལིཛ་ཊིན་གྱི་ སྐྱབས་བཅོལ་བ་ཚུ་གི་དོན་ལུ་ གྲོགས་རམ་གྱི་ ལཱ་འབད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེའི་ནང་ལས་ ཇུ་ལི་ཡེཏ་ཏའོ་མ་གིས་ ད་རེས་ ས་གནས་ག་ཟ་ལུ་ མཐོང་གསལ་ཡོད་པའི་ གནས་སྟངས་དེ་ སྔོན་ཆད་མ་བྱུང་པའི་ གནས་སྟངས་ཅིག་ཨིནམ་སྦེ་བཤད་ནུག།
སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ པེ་ལིཛ་ཊིན་ལས་ ཧ་མཱཛ་ཟེར་མི་ སྡེ་ཚན་གྱིས་ ཨིཛ་རེལ་གྱི་ ས་མཚམས་ཁར་ གནོཔ་བཀལ་ཏེ་ ཨིཛ་རེལ་གྱི་ མི་སེར་ ༡,༤༠༠ བསད་པའི་ཤུལ་ལས་ མི་གྲངས་ ༢༢༤ འཛིན་བཟུང་འབད་ཡོདཔ་ད་ ཨིཛ་རེལ་གྱིས་ ས་གནས་ག་ཟ་ལུ་ གློག་མེ་དང་ འཐུང་ཆུ་ བཟའ་ཆས་དང་ ས་སྣུམ་ཚུ་ བཀག་ཆ་འབད་དེ་ རྫས་བམ་ཚུ་གི་སྒོ་ལས་ གནོད་འཚུབ་བཀལཝ་ཨིན་པས།.
ག་དེ་སྦེ་ར་ཨིན་རུང་ ཕྱད་མདའ་དེ་ འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ ས་གནས་ག་ཟ་ལུ་ མི་གྲངས་ ༧,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ གསོ་བའི་རིམ་ལུགས་ཚུ་ཡང་ སྤྱོད་མ་བཏུབ་འགྱོ་བའི་ དུམ་ཁར་ལྷོད་ནུག།
ཨིཛ་རེལ་གྱིས་ ས་སྣུམ་ཚུ་ ས་གནས་ག་ཟ་ལུ་ སྐྱེལ་མ་སྟེར་མི་དེ་ཡང་ ཧ་མཱཛ་སྡེ་ཚན་གྱིས་ དྲག་དམག་གི་དོན་ལུ་ ལག་ལེན་འཐབ་སྲིད་ནི་དེ་གིས་ཨིནམ་ད་ ཨིཛ་རེལ་དང་ ཡུ་ཀེ་ ཡུ་ཨེཛ་གིས་གཙོས་པའི་ རྒྱལ་ཁབ་དག་པ་ཅིག་གིས་ར་ ཧ་མཱཛ་སྡེ་ཚན་དེ་ དྲག་ཐོག་དབང་བཙོང་འབད་མི་ སྡེ་ཚན་ཅིག་སྦེ་ རྩིས་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433634
Views Today :
Total views : 5000
Who's Online :