མི་དབང་མཆོག་གིས་ འབྲུག་ལུ་ རྒྱ་པཱན་གྱི་ ལོ་བསྟར་དུས་སྟོན་ནང༌དབུ༌བཞུགས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་ རྒྱ་པཱན་གྱི་ ཁས་བླངས་ཚོགས་པ་ ཇ༌ཡེ་ཀའི་ ལོ་བསྟར་དུས་སྟོན་ ཐེངས་ ༣༥ པའི་ནང་ དབུ་བཞུགས་མཛད་གནང་ཡི།
དེ༌ཡང༌ ཇ༌ཡེ་ཀའི་ ཁས་བླངས་ལས་རིམ་དེ་ རྒྱ་པཱན་ལས་ འབྲུག་ལུ་ ཁས་བླངས་པ་ཚུ་ གཏང་ནིའི་དོན་ལས་ འབྲུག་དང་ རྒྱ་པཱན་གྱི་བར་ན་ སྤྱི་ལོ་ ༡༩༨༧ ལུ༌ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ འགོ་བཙུགས་ཡོདཔ་ད་ ཁས་བླངས་པ་ སྡེ་ཚན་དང་པ་དེ་ སྤྱི་ལོ་ ༡༩༨༨ སྤྱི་ཟླ་ ༧ པའི་ནང་ སྤ་རོ་སོ་ནམ་འཕྲུལ་ཆས་ལྟེ་བར་བཏང་ནུག།
ཨིན་རུང་ རྒྱ་པཱན་དང་ འབྲུག་གི་བར་ན་ མཛའ་བཤེས་ཀྱི་ མཐུན་ལམ་དེ་ སྤྱི་ལོ་ ༡༩༦༤ ལོར་ འབྲུག་ལུ་ ལཱ་འབད་བར་འོང་མི་ རྒྱ་པཱན་གྱི་ མི་ཁུངས་དང་པ་ དྲག་ཤོས་ཀེ་ཇི་ནི་ཤོ་ཀ་ ལྷོད༌ཞིནམ༌ལས་ཚུར་ར༌ བྱུང་ཡོདཔ་ཨིན༌པས།
དྲག་ཤོས་ཀེ་ཇི་ནི་ཤོ་ཀ་གིས་ འབྲུག་ལུ་ ཞབས་ཏོག་གང་དྲགས་ཞུ་བའི་ ངོས་འཛིན་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༡༩༨༠ ལོར་ གཉིས་སྐལ་མའི་ གོ་གནས་གནང་ནུག།
རྒྱ་པཱན་དང་ འབྲུག་རྒྱལ་ཁབ་ ༢ ཀྱི་ མཐུན་ལམ་དེ་ རྒྱ་པཱན་ཁས་བླངས་ཚོགས་པའི་ ལས་རིམ་བརྒྱུད་དེ་ ཁས་བླངས་པ་ ༦༤༡ ལྷགཔ༌ཅིག་གིས་ འབྲུག་གི་ས་གནས་ཁག༌གི༌ནང༌ ཕྱག་ཞུ་སྟེ་ཡོདཔ་ལས་ ཧེང་སྐལ་ར་ ཡར་དྲགས་སོང་ཡོདཔ༌ཨིན༌པས།
རྒྱ༌པཱན༌གྱི༌ ཁས་བླངས་པ་ཚུ་གིས་ ཤེས་རིག་དང་ གསོ་བ་ བརྡ་དོན་འཕྲུལ་རིག་ གཞི་རྟེན་མཁོ་ཆས་ དེ་ལས་ རྩེད་རིགས་ཚུ་གིས༌གཙོས༌པའི་ ལས་སྡེ་མ་འདྲཝ་ཚུ་ནང་ ཕྱག་ཞུཝ༌ལས་ འབྲུག་གི་གོང་འཕེལ་ལུ་ ཕན་ཐོགས་བྱུང་ནུག།
དུས་སྟོན་དེ་ནང་ མི་རྗེ་བློན་ཆེན་དང་ འབྲུག་ལུ་ རྒྱ་པཱན་གྱི་གཞུང་ཚབ་ དེ་ལས་ འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་ཡོད་པའི་གནས་ཚུལ།

Please follow and like us: