
པདྨ་དབང་འདུས།
སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ སྐྱབས་རྗེ་མཁན་ཆེན་མཆོག་ དབུ་བཞུགས་ཐོག་ལས་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་བཙན་སྐྱབས་རྡོ་རྗེའི་ སྐུ་ཕུང་དེ་ ཐིམ་ཕུ་ཧད་འཇོའི་ དུར་ཁྲོད་ལུ་སྦེ་ སྤུར་སྦྱང་མཛད་གནང་ཡོདཔ་ད་ བློན་པོ་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ གཤགས་སོངཔ་ཨིན་པས།
བློན་པོ་བཙན་སྐྱབས་རྡོ་རྗེ་གིས་ མི་ཚེ་ཅིག་གི་རིང་ལུ་ རྒྱལ་ཁམས་ཀྱི་དོན་ལས་ ཕྱག་ཞུ་ཡོད་པའི་ ངོས་ལེན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ཡང་ བྱོན་གནང་ཡོདཔ་ད་ སྐུ་ཕུང་ལུ་ མེ་མཆོད་ཕུལ་ནི་ འགོ་བཙུགསཔ་དང་འབྲེལ་ཏེ་ རྒྱལ་གཞུང་འབྲུག་གི་དམག་སྡེ་གིས་ ཆེད་བསྟོད་ཀྱི་ བསྟི་སྭ་ཞུ་ནུག།
སྤུར་སྦྱང་དེ་ནང་ མི་རྗེ་བློན་ཆེན་དང་ གཞུང་གི་ལས་སྡེ་ཁག་དང་ རྩ་ཁྲིམས་ཅན་གྱི་འདུས་ཚོགས་ དེ་ལས་ དྲག་ཁག་ཚུ་གི་ འགོ་འཛིན་ཚུ་གིས་མ་དོ་བར་ གུས་བཏུད་ཞུ་མི་ ལེ་ཤ་ཅིག་ཡང་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
བློན་པོ་བཙན་སྐྱབས་རྡོ་རྗེ་གིས་ ཞི་གཡོག་ནང་ འགོ་དང་པ་ སྤྱི་ལོ་ ༡༩༦༡ སྤྱི་ཟླ་ ༡༠ པའི་ནང་ འཛུལ་ཞུགས་མཛད་ཡོདཔ་ད་ དུས་དེ་ལས་ འགོ་བཟུང་སྟེ་ གོ་གནས་མ་འདྲཝ་ཚུ་ནང་ ཕྱག་ཞུཝ་ལས་ སྤྱི་ལོ་ ༡༩༧༤༥ ལུ་ གཉིས་སྐལ་མའི་ གོ་གནས་ཐོག་ལུ་ འབུ་རས་དམརཔོ་དང་ སྤྱི་ལོ་ ༡༩༩༡ ལུ་ བློན་པོའི་ན་བཟའ་ འབུ་རས་ལི་ཝང་གནང་ནུག།
དེ་ལས་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་གནང་ཡོདཔ་ད་ བློན་པོ་བཙན་སྐྱབས་རྡོ་རྗེ་གིས་ སྤྱི་ལོ་ ༢༠༠༨ ལས་ཚུར་ ད་རེས་ མ་གཤགས་ཚུན་གྱི་རིང་ལུ་ སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1435411
Views Today :
Total views : 5000
Who's Online :