འབྲུག་གི་སྤྱི་ཚོགས་གསུམ་པའི་ ལོ་ངོ་ ༥ གི་ དུས་ཡུན་ཚང་མི་དང་བསྟུན་ཏེ་ རྒྱལ་ཡོངས་ཚོགས་འདུ་རྩ་གྲོལ།

འབྲུག་གི་སྤྱི་ཚོགས་ ༣ པའི་ ལོ་ངོ་ ༥ གི་ དུས་ཡུན་དེ་ ཚང་མི་དང་བསྟུན་ཏེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཁང་ཆེན་མོའི་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཕུལ་ཐོག་ལས་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ རྩ་གྲོལ་བཏང་གནང་ཡི།
དེ་ཡང་ རྒྱལ་ཡོངས་འདུའི་ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ཚང་པའི་ གསལ་བཤད་ཕུལ་ཐོག་ལས་ བརྡ་ཡིག་གན་རྒྱ་གུ་ མཚན་རྟགས་བཀོད་དེ་ རྩ་གྲོལ་བཏང་ནུག།
ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་མ་གནང་ཚུན་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ སྔར་ཨིནམ་སྦེ་ ཡིག་ཚང་ནང་ ཕྱག་ལཱ་གནང་ནི་ཨིན་པས།
རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༡༩ པ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་འགྱོ་བའི་ ཉིན་གྲངས་ ༡༥ གི་ ནང་འཁོད་ལུ་ འབྲུག་རྒྱལཔོ་མཆོག་གིས་ འཛིན་སྐྱོང་འཐབ་མི་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གནང་དགོཔ་བཞིན་དུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་དེ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་སྦེ་ བསྐོ་བཞག་གནང་ནི་ཨིན་པས།
དེ་སྦེ་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་འགྱོ་བའི་ ཉིན་གྲངས་ ༩༠ གི་ ནང་འཁོད་ལུ་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གནང་མི་དེ་ཡང་ གཙོ་བོ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ རང་མོས་དང་ རྣམ་དག་གི་སྒོ་ལས་ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་ཐབས་ལུ་ དམིགས་ཏེ་ཨིན་པས།
དེ་འབདཝ་ད་ གནས་སྐབས་ཀྱི་ གཞུང་དེ་གིས་ གཞུང་གི་དུས་རྒྱུན་གྱི་ བྱ་སྒོ་ཚུ་ བསྒྲུབ་ནི་མ་གཏོགས་ སྲིད་བྱུས་ཅིག་གི་ གྲོས་ཆོད་དང་ ཡང་ཅིན་ ཕྱི་གཞུང་གི་ ལས་ཚོགས་ཚུ་དང་གཅིག་ཁར་ གན་རྒྱ་ཚུ་ ག་ནི་ཡང་ བཟོ་ནི་གི་ ཐོབ་རིམ་མེདཔ་ཨིན་པའི་གནས་ཚུལ།

Please follow and like us: