
སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ སྤྱི་ཚོགས་ ༣ པའི་ ལྷན་རྒྱས་གཞུང་ཚོགས་ རྩ་གྲོལ་རྟེན་འབྲེལ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་ཀྱིས་ མི་རྗེ་བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ཚུ་གིས་ ང་བཅས་རའི་ རྒྱལ་ཁབ་ལུ་ ཐང་ཆད་ནི་མེད་པའི་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ལཱ་གནང་མི་ལུ་ ངལ་རངས་དང་ བཀྲིན་དགའ་ཚོར་ཞུ་ཡི།
དེ་ཡང་ མི་རྗེ་བློན་ཆེན་མཆོག་གི་ དབུ་ཁྲིད་འོག་ལུ་ རྒྱབ་ཁུངས་མ་འདྲ་བའི་ འཐུས་མི་ཚུ་ཡོད་མི་ ལྷན་རྒྱས་གཞུང་ཚོགས་དེ་གིས་ ང་བཅས་རའི་ རྒྱལ་ཁབ་ལེགས་སྒྱུར་གྱི་དོན་ལུ་ ཕྱག་ལཱ་ཚུ་གནང་སྟེ་ གྲུབ་འབྲས་རྩ་ཅན་ ལེ་ཤ་ཅིག་ བཏོན་གནང་ཡོདཔ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ང་བཅས་རའི་ ཡོངས་ཁྱབ་ཅན་གྱི་ དམིགས་དོན་ཚུ་ འགྲུབ་ཐབས་ལུ་ གཅིག་བསྒྲིལ་ཅན་སྦེ་ བཟོ་གནང་ཡི་ཟེར་ཨིན་པས།
སྤྱི་ཚོགས་ ༣ པའི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་དང་པ་དེ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ འཚོགས་གནང་ཡོདཔ་ད་ འདས་པའི་ལོ་ངོ་ ༥ གི་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་ ༡༦༣ འཚོགས་གནང་མིའི་གྲས་ལས་ དམིགས་བསལ་གྱི་ ཞལ་འཛོམས་ཐེངས་ ༧ དང་ གློ་བུར་གྱི་ ཞལ་འཛོམས་ཐེངས་ ༡ འཚོགས་གནང་ཡོདཔ་སྦེ་ཞུ་ཡི།
གནས་ཡུན་དེ་ནང་ ལྷག་རྒྱས་གཞུང་ཚོགས་ཀྱིས་ བཀོད་ཁྱབ་བཀའ་རྒྱ་ ༨༠ བཏོན་གནང་པའི་ཁར་ སྲིད་བྱུས་ ༡༨ ཀྱི་ གནང་བ་ཡང་ གྲོལ་གནང་ཡོདཔ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཚུ་ ལེགས་ཤོམ་སྦེ་ གནང་ཐབས་ལུ་ ལྷན་རྒྱས་གདན་སར་ འདུ་འཛོམས་ཚུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ནད་ཡམས་ཀོ་ཝིཌ་-༡༩ ལུ་ གདོང་ལན་དང་ བལྟ་བཤལ་དང་ གློག་མེ་ ས་གཏེར་ རྒྱུ་དངོས་ཀྱི་ཁྲལ་ ལྷན་རྒྱས་གཞུང་ཚོགས་ཀྱི་ རིས་མེད་བཅའ་ཁྲིམས་ གསོ་བ་དང་ ཤེས་རིག་ དེ་ལས་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་ཚུ་གི་དོན་ལུ་ ཡང་དག་པའི་ ཕྱག་ལཱ་གནང་ཚུ་གིས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ མ་འོངས་བཙན་ཐབས་ལུ་ རྒྱ་ཆེ་བའི་ ཕན་ཐོགས་འབྱུང་ནི་ཨིནམ་སྦེ་ཡང་ཞུ་ཡི།
ད་རེས་ ལྷན་རྒྱས་གཞུང་ཚོགས་འདི་ རྩ་གྲོལ་མི་དང་འབྲེལ་ཏེ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མངོན་གཟིགས་ཅན་གྱི་ དབུ་ཁྲིད་འོག་ལུ་ ལོངས་སྤྱོད་དང་ལྡན་པའི་ འབྲུག་རྒྱལ་ཁབ་ནང་ གཞི་སྒྱུར་འཐོན་པའི་ དུམ་ཁར་ལྷོད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ གཞི་སྒྱུར་གྱི་ ཕྱག་ལཱ་ཚུ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཁ་ཐུག་ལས་ སྲིད་འབྲེལ་གྱི་མཐའ་དོན་ རྒྱབ་ཁར་བསྐྱུར་ཏེ་ རྒྱལ་ཁབ་ཀྱི་ ཡུན་རིང་མཐའ་དོན་ལུ་ མ་འོངས་པའི་ གཞི་འགྱམ་བཙུགས་ཐབས་ཀྱི་ འགན་ཁུར་ཚུ་ བསྣམས་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཀྱི་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ད་ལས་ཕར་གྱི་ གཞུང་དང་ གཞུང་གཡོགཔ་ཚུ་གི་ མདུན་ལམ་བཀོག་སྒྲིག་ནང་ གལ་ཆེ་བའི་ འགན་ཁུར་བསྣམས་ཡོད་མི་དེ་ ད་ལས་ཕར་ཡང་ རེ་འདུན་ལྟར་དུ་ འཕྲོ་མཐུད་འབད་ནི་ཨིན་ཟེར་ཡང་ཞུ་ཡི།
མཇུག་ར་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཡིག་ཚང་དང་ དྲུང་ཆེན་ཚུ་ དེ་ལས་ གཞུང་གཡོགཔ་ཚུ་གི་ཧོངས་ལས་ མི་རྗེ་བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཡོངས་ལུ་ ཤུལ་མའི་བཙག་འཐུའི་ནང་ བཀྲིས་ལེགས་སྨོན་དང་བཅས་པའི་སྒོ་ལས་ བཀའ་དྲིན་ཆེ་ཟེར་ ཞུ་ཡོད་པའི་གནས་ཚུལ།





Users Today : 1641
Users Yesterday : 10639
This Month : 19347
This Year : 315313
Total Users : 1027129
Views Today : 1777
Total views : 2961947
Who's Online : 55