མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ཆིབས་བསྐྱོད།

སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བདུན་ཕྲག་ ༡ གི་དོན་ལས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།

དེ་ཡང་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལས་ ༡༠ ཚུན་ གཟིགས་སྐོར་གནང་ནི་ཨིནམ་བཞིན་དུ་ མི་དབང་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ སོང་ཡོདཔ་ཨིན་པས།

གཟིགས་སྐོར་སྐབས་ལུ་ མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་ མཇལ་འཕྲད་མཛད་ནི་ཨིནམ་མ་ཚད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་དང་ རྒྱ་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ནི་གི་ ལས་རིམ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དེ་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་ཨ་སམ་དང་ མཧཱ་རཤ་ཏ་ར་ མངའ་སྡེ་ཚུ་གི་ནང་ཡང་ གཟིགས་སྐོར་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས།

རྒྱ་འབྲུག་ ༢ ཀྱི་བར་ན་ ཕན་ཚུན་གོ་རྟོགས་དང་ བློ་གཏད་ཀྱི་ ཁྱད་ཆོས་དང་ལྡན་པའི་ མཐུན་ལམ་དང་ མཉམ་འབྲེལ་ཚུ་ གཞན་དང་མ་འདྲཝ་སྦེ་ཡོདཔ་ད་ གཟིགས་སྐོར་འདི་གིས་ མཛའ་བཤེས་མཐུན་ལམ་ བསྐྱར་ཞིབ་ཐོག་ལས་ མིག་དཔེར་རུང་བའི་ ཟུང་ཕྱོགས་མཉམ་འབྲེལ་དེ་ ལས་སྡེ་མ་འདྲཝ་ཚུ་གི་ནང་ ཡར་དྲག་གཏང་ནི་གི་ གོ་སྐབས་ཅིག་ཡང་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: