མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར།

སྤྱི་ཟླ་ ༡༠ པའི་ཚེས་ ༣ གྱི་དྲོ་པར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བདུན་ཕྲག་ ༡ གི་རིང་ལུ་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ རྒྱ་གར་ཨ་སམ་མངའ་སྡེ་ གོ་ཝ་ཧ་ཊིའི་ ལོ་པི་རི་ཡ་ གོ་པི་ནཱཐ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ ཕེབས་པའི་སྐབས་ལུ་ ཨ་སམ་མངའ་སྡེའི་ གཙོ་འཛིན་བློན་པོ་ ཧི་མཱན་ཏ་བིཛ་ཝ་ སར་མ་གཙོས་པའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕེབས་བསུ་ཞུ་ནུག།
གོ་ཝ་ཧ་ཊི་ལུ་ མི་དབང་མཆོག་གིས་ ནི་ལ་ཅཱལ་ སྒང་ཏོག་གུ་ ཆགས་ཏེ་ཡོད་མི་ བྱིན་ལྡན་ལྷ་ཁང་ ཀ་མ་ཁི་ཡ་ལུ་བྱོན་ཏེ་ ཐུགས་སྨོན་ཚུ་ གནང་ཡོདཔ་མ་ཚད་ དེ་ཚེ་ཉིན་མར་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ བི་ནེ་ཀ་ ཝ་ཏ་ར་དང་ ཨ་སམ་གྱི་ གཙོ་འཛིན་བློན་པོ་ དེ་ལས་ ཨ་སམ་གྱི་ བློན་པོ་ཚུ་དང་ ཆེ་མཐོའི་འགོ་དཔོན་ཚུ་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གོ་ཝ་ཧ་ཊི་ལུ་ ཤེས་ཡོན་སྦྱང་མི་དང་ ལཱ་འབད་མི་ འབྲུག་མི་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ད་ དེ་ཚེ་ཕྱི་རོ་ ཨ་སམ་གྱི་སྤྱི་འཛིན་ གུ་ལབ་ཅཱན་ ཀ་ཏ་རི་ཡ་གིས་ མི་དབང་ཞབས་ལུ་ ཁོང་རའི་ལམ་སྲོལ་གྱི་ གཟིགས་སྟོན་དང་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ནུག།
མི་དབང་མཆོག་ ཨ་སམ་མངའ་སྡེའི་ནང་ གཞུང་དོན་གཟིགས་སྐོར་ལུ་ བྱོན་མི་འདི་ འགོ་དང་པ་ཨིནམ་ད་ ཨ་སམ་དེ་ འབྲུག་དང་ འབྲུག་པའི་མི་སེར་ཚུ་དང་ མཐུན་ལམ་དམ་ཟབ་ཡོད་མི་ རྒྱ་གར་གྱི་ ཁྱིམ་མཚེས་མངའ་སྡེ་ཅིག་ཨིན་པས།
མི་དབང་མངའ་ཞབས་མཆོག་ ཉིན་གྲངས་ ༣ གྱི་རིང་ལུ་ ཨ་སམ་མངའ་སྡེའི་ནང་ བཞུགས་ཡོདཔ་བཞིན་དུ་ ཡོངས་གྲགས་ཅན་གྱི་ ཀ་ཟ་རིང་ག་ རྒྱལ་ཡོངས་གླིང་ག་ནང་ཡང་ གཟིགས་སྐོར་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཨ་སམ་ལུ་ དེ་སྦེ་ གཟིགས་སྐོར་ལུ་ བྱོན་མི་དེ་གིས་ རྒྱ་གར་གྱི་ ཁྱིམ་ཚང་མངའ་སྡེའི་ མི་སེར་དང་ འབྲུག་པའི་མི་སེར་ཚུ་གི་བར་ན་ མཐུན་བཤེས་ཅན་གྱི་ འབྲེལ་བ་དམ་ཟབ་ཡོད་པའི་ བརྡ་མཚོན་སྟོན་པའི་ཁར་ རྒྱ་འབྲུག་ ༢ ཀྱི་བར་ན་ མཐུན་ལམ་སྒྲིང་སྒྲིང་ཡོད་མི་དེ་ཡང་ ཧེང་བཀལ་ར་ རྩ་བརྟན་སོང་ཡོད་པའི་གནས་ཚུལ།

Please follow and like us: