མི་དབང་མངའ་ཞབས་མཆོག་གིས་ རྒྱ་གར་ལུ་ གཟིགས་སྐོར་གནང་པའི་ མཉམ་འབྲེལ་གསལ་བསྒྲགས།

སྤྱི་ཟླ་ ༡༡ པའི་ཚེས་ ༣ ལས་ ༡༠ ཚུན་ བདུན་ཕྲག་ ༡ གི་རིང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་དང་ ནིའུ་དིལླི་ མཧཱ་རཱཤ་ཏ་ར་ མངའ་སྡེ་ཚུ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།
དེ་བསྒང་ མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དང་ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ཕན་ཚུན་གཉིས་ཆ་ར་ལུ་ ཕན་ཐོགས་ཆེ་བའི་ ཟུང་ཕྱོགས་དང་ ལུང་ཕྱོགས་ དེ་ལས་ རྒྱལ་སྤྱིའི་གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ རྒྱ་གར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་ཡང་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་བཅར་ནུག།
མི་དབང་མཆོག་གིས་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ འགོ་འདྲེན་ཐོག་ལུ་ མཇུག་བསྡུ་ཡོད་མི་ སྡེ་ཚན་ ༢༠ ཟེར་མི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་ནང་ལས་ དིལླིའི་གསལ་བསྒྲགས་ནང་ ཞལ་འཛོམས་ཀྱི་ གྲོས་ཆོད་དང་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ ཐོན་ཡོདཔ་སྦེ་ བཀོད་མི་ལུ་ ཆེད་བསྟོད་ཀྱི་ལེགས་སོ་ གསུངས་གནང་ཡོདཔ་མ་ཚད་ ལྷག་པར་དུ་ རྒྱ་གར་གྱི་ཁ་ཐུག་ལས་ འཛམ་གླིང་ལྷོ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གི་ མཐའ་དོན་དང་ གཙོ་རིམ་ཚུ་ སྡེ་ཚན་ ༢༠ གི་ གྲོས་བསྡུར་ཚུ་ནང་ དོན་སྨིན་ཅན་སྦེ་ མཐུན་སྒྲིག་འབད་མི་ལུ་ མི་དབང་ཞབས་ལས་ ཐུགས་ངལ་རངས་ཡོད་ལུགས་ཚུ་ཡང་ གསུངས་གནང་ཡོདཔ་ཨིན་པས།
རྒྱ་གར་དང་ འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ བློ་གཏད་དང་ ལེགས་སྨོན་ དེ་ལས་ གནདདོན་ག་ཅིའི་ནང་ཡང་ མོས་མཐུན་གྱི་ གོ་དོན་ཐོག་ལུ་ གནས་ཚད་དྲག་ཤོས་དང་ ཁྱད་དུ་འཕགས་པའི་ མཐུན་ལམ་ཡོདཔ་ལས་ རྒྱལ་ཁབ་ ༢ ཀྱི་བར་ན་ གནད་དོན་སྣ་མང་གི་ ཟུང་ཕྱོགས་མཐུན་འབྲེལ་ཚུ་གི་སྐོར་ལས་ གསུང་གྲོས་གནང་པའི་ཁར་ ད་ལས་ཕར་ཡང་ ལས་སྡེ་སྣ་ཚོགས་ནང་ མཉམ་འབྲེལ་འཐབ་ནི་གི་ གོ་སྐབས་ཡང་ བཟོ་གནང་ནུག།
དབུ་ཁྲིད་ ༢ ཀྱི་བར་ན་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ནང་ མཇལ་ཕྲད་མཛད་གནང་ཞིནམ་ལས་ ད་ཚུན་གྱི་བར་ན་ མངོན་གསལ་ཅན་གྱི་ ཡར་འཕེལ་བྱུང་མི་ལུ་ ཐུགས་ངལ་རངས་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་མ་ཚད་ ད་ལས་ཕར་ཡང་ རྒྱལ་ཁབ་ ༢ ཀྱི་བར་ན་ ཁྱབ་ཆེ་བའི་ མཐུད་འབྲེལ་དང་ ས་མཚམས་ཕན་ཚུན་གྱི་ ཚོང་འབྲེལ་ལུ་ མོས་མཐུན་ཐོག་ལས་ མ་རྩ་གཞི་བཙུགས་ དེ་ལས་ ནུས་ཤུགས་དང་ གསོ་བ་ ཤེས་རིག་ རིག་རྩལ་གོང་འཕེལ་དང་ མཁའ་དབྱིངས་འཕྲུལ་རིག་ རང་བཞིན་གནས་སྟངས་ཉམས་སྲུང་ མི་སེར་དང་ མི་སེར་གྱི་བར་ན་ འབྲེལ་བ་དམ་ཟབ་ཀྱིས་གཙོས་པའི་ མཉམ་འབྲེལ་རྒྱ་སྐྱེད་ཀྱི་ གསུང་གྲོས་ཚུ་ཡང་ གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ ལག་ལེན་ཐོག་ལུ་ཡོད་མི་ གཞི་སྒྱུར་གྱི་བྱ་སྒོ་ཚུ་ གལ་ཆེ་བའི་ མཐོང་སྣང་དང་ ནང་དོན་ཚུ་གི་སྐོར་ལས་ གསུངས་གནང་པའི་ཁར་ རྒྱ་གར་གཞུང་གིས་ འབྲུག་གི་མི་སྡེའི་དཔལ་འབྱོར་ གོང་འཕེལ་གྱི་དོན་ལས་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནང་ནུག།
རྒྱ་གར་གྱི་ བློན་ཆེན་གྱིས་ ཁོང་གི་ཁ་ཐུག་ལས་ འབྲུག་དང་གཅིག་ཁར་ཡོད་མི་ ཁྱད་ཆོས་ཅན་གྱི་ མཐུན་ལམ་དང་ མཉམ་འབྲེལ་ཐོག་ལུ་ གནས་ནི་གི་ ཁས་ལེན་བསྐྱར་གསོ་འབདཝ་མ་ཚད་ འབྲུག་གཞུང་གི་ གཙོ་རིམ་ཚུ་དང་ མི་དབང་མངའ་ཞབས་མཆོག་གི་ ཐུགས་དགོངས་དང་འཁྲིལ་ཏེ་ འབྲུག་གི་མི་སྡེའི་དཔལ་འབྱོར་ གོང་འཕེལ་ལུ་ཡང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་ནི་ཨིནམ་སྦེ་ ཡང་བསྐྱར་ཞུ་ཡོདཔ་ཨིན་པས།
འབྲུག་གི་འཆར་གཞི་ ༡༢ པའི་ ལས་འགུལ་གལ་ཅན་ཚུ་ ཐོགས་ཆགས་མེད་པར་ བྱ་སྟབས་བདེ་ཏོག་ཏོ་སྦེ་ མཇུག་བསྡུ་ནིའི་དོན་ལས་ གོང་འཕེལ་གྲོགས་རམ་ཚུ་ དུས་ཚོད་ཁར་ འཛིན་གྲོལ་གནང་མི་ལུ་ འབྲུག་གི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ མིག་དཔེར་རུང་བའི་ རྒྱ་འབྲུག་གི་ ཟུང་ཕྱོགས་མཐུན་ལམ་འདི་ འཕྲོ་མཐུད་ཀྱི་དོན་ལས་ རྒྱ་གར་གྱིས་ འཆར་གཞི་ ༡༣ པའི་དོན་ལུ་ཡང་ རྒྱབ་སྐྱོར་ཚུ་ ཡར་དྲག་ཐོག་ལས་འབད་ནི་ཨིན་པའི་ ཁས་ལེན་གྲུབ་མི་ལུ་ཡང་ འབྲུག་གི་ཧོངས་ལས་ དགའ་ཚོར་ཡོད་ཟེར་གསུངས་ནུག།
ཆུར་བརྟེན་ནུས་ཤུགས་འདི་ རྒྱ་འབྲུག་ཟུང་ཕྱོགས་ཀྱི་ དཔལ་འབྱོར་མཉམ་འབྲེལ་གྱི་ གཞི་རྟེན་གལ་ཅན་ཅིག་ཨིན་མི་དེ་ཡང་ རྒྱལ་ཁབ་གཉིས་ཆ་རའི་དོན་ལུ་ ཐོན་འབྲས་ཅན་གྱི་ མཉམ་འབྲེལ་ཨིན་པ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ནང་ལས་ རྒྱ་གར་གྱི་ ནུས་ཤུགས་བརྗེ་སོར་བརྒྱུད་དེ་ བ་སོ་ཆུ་ གློག་མེ་ལས་འགུལ་གྱི་ གློག་མེ་ལྷག་ལུས་ ཕྱིར་ཚོང་འཐབ་མི་དེ་གིས་ ནུས་ཤུགས་ཀྱི་ ཚོང་ལམ་གསརཔ་༌བཏོན་ཡོད༌མི༌འདི་ལུ་ཡང་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ དགའ་ཚོར་ཡོད༌ཟེར༌ཨིན༌པས།
གློག་ཤུགས་མེ་ག་ཝཱཊ་ ༡༠༢༠ འབད་མི་ སྤུ་ན་གཙང་ཆུ་ ༢ པའི་ གློག་མེ་ལས་འགུལ་དེ་ ཡར་འཕེལ་དང་ སྤྱི་ལོ་ ༢༠༢༤ ལུ་ ལས་འགུལ་དེ་གིས་ གློག་རྒྱུན་ག་དེ་མགྱོགས་མགྱོགས་ སྤེལ་ཚུགས་ནི་གི་ ཡིད་ཆེས་ཡོད་ལུགས་ཚུ་གི་ གསུང་གྲོས་ཚུ༌ བྱུང་ཡོདཔ་མ་ཚད་ སྤུ་ན་གཙང་ཆུ་ ༡ པ་དེ་ཡང་ མགྱོགས་པར་ མཇུག་བསྡུ་ནིའི་དོན༌ལས༌ ལཱ་ཚུ་གི་ ཡར་འཕེལ་ལུ་ཡང༌ ངེས་ཤེས་འདྲོངས་ཡོད་པའི་ གསུང་གྲོས་བྱུང་ཡོདཔ༌ད༌ ཕྱོགས་གཉིས་ཆ་ར་གིས་ ཆུར་བརྟེན་ནུས་ཤུགས་ལས་སྡེའི་ནང་ མཉམ་འབྲེལ་འབད་དགོཔ་ཚུ་ གལ་གནད་ཚེ་ལུགས་དང་ ད་ལས་ཕར་ཡང་ གོང་འཕེལ་གཏང་ནི་གི་ ཁས་ལེན་ཚུ་ ཡང་བསྐྱར་མཛད་ནུག།
རྒྱ་འབྲུག་གི༌ ནུས་ཤུགས་མཉམ་འབྲེལ་འདི་ ཉིན་དྲོད་དང་ ཧའེ་ཌོ་ཇེན་ དེ་ལས་ ཡོངས་འབྲེལ་ཐོག་གི་ བསྡུ་སྒྲུབ་ལ་སོགས་པ་ གློག་མེ་མིན་པའི་ སླར་འབྱུང་ཅན་གྱི་ གནད་དོན་ཚུ་ རྒྱ་སྐྱེད་གཏང་ནི་ལུ་ ཞལ་འཆམ་བྱུང་ཡོདཔ༌མ༌ཚད༌ དེ་བཟུམ་མའི་ ལས་འགུལ་ཚུ་གི་དོན་ལུ་ རྒྱ་གར་གྱིས་ དགོས་དོན་ཡོད་པའི་ འཕྲུལ་རིག་དང་ དངུལ་གྱི་རྒྱབ་སྐྱོར་ཚུ་ བྱིན་ནི་ཨིནམ༌སྦེ༌ཡང༌ བཤད༌ཡོདཔ༌ཨིན༌པས།
དེ༌ལས༌ མཉམ་འབྲེལ་གྱི༌ གནད་དོན་གསརཔ་ གཞི་བཙུགས་ལས་དོན་དང་ མཁའ་དབྱིངས་ ཚན་རིག་ བཟོ་རིག་ རྩིས་རིག་གི༌ ཤེས་ཡོན་ཚུ་ཚུད་མི་ ལས་དོན་ཚུ་ལུ༌ཡང་ ཕྱོགས་གཉིས་ཆ་རའི་ཁ་ཐུག་ལས་ མཁའ་དབྱིངས་ལས་དོན་གྱི་ མཉམ་འབྲེལ་ནང་ ཡར་འཕེལ་བྱུང་སྟེ་ཡོད་མི་དང་ རྒྱ་འབྲུག་ ༢ མཉམ་འབྲེལ་ཐོག་ལས་ གོང་འཕེལ་བཏང་མི་ འཕྲུལ་སྐར་དང་པ་ མཁའ་དབྱིངས་ལུ་བཏང་མི་ དེ་ལས་ ལོ་འདི་ནང་ ཐིམ་ཕུ་ལུ་ འཕྲུལ་སྐར་གྱི་ ས་ཐོག་ལས་ཁང་ འགོ་འབྱེད་ཚུ་ལུ་ ཡི་རངས་ཡོད་ལུགས་ཚུ་ཡང༌ གསུངས་གནང་ནུག།
ཕྱོགས་གཉིས་ཆ་ར་གིས་ ཚན་རིག་དང༌ འཕྲུལ་རིག་ བཟོ་རིག་ རྩིས་རིག་ཚུ༌ལུ་ གཙོ་བོར་བཟུང་སྟེ་ ཤེས་རིག་ལས་དོན་ནང་ མཉམ་འབྲེལ་དེ་ཡང་ ཡར་སེང་སོང་ཡོད་མི་ལུ་ ངེས་ཤེས་འདྲོངས་ཏེ་ཡོད་ཟེར་ གསུངས་ཡོད་པའི་ཁར་ རྒྱ་གར་གྱི་ཁ་ཐུག་ལས་ འབྲུག་གིས་ སེམས་ཅན་སྟག་ ཉམས་སྲུང་གི་ རྒྱལ་སྤྱི་མཐུན་འབྲེལ་སྡེ་ཚན་ནང་ འཛུལ་ཞུགས་ཀྱི་ གྲོས་ཆོད་དེ་ཡང་ ལེགས་ཤོམ་ཨིན་པའི༌སྐོར༌ལས༌ བཤད༌ཡོདཔ༌ཨིན༌པས།
མི་དབང་མཆོག་ ཨ་སམ་ལུ་ གཟིགས་སྐོར་གནངམ་ད་ ཨ་སམ་མངའ་སྡེའི་སྤྱི་ཁྱབ་ གུ་ལབ་ཅཱན་ ཀ་ཏ་རི་ཡ་གིས་ ཚོགས་སྟོན་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ གཙོ་འཛིན་བློན་པོ་ ཌོག་ཊར་ཧི་མཱན་ཏ་ བིཛ་ཝ་སར་མ་ཡང་ མི་དབང་མཆོག་གི་ སྐུ་མདུན་བཅར་ཏེ་ མཐུད་འབྲེལ་དང་ ས་མཚམས་ཕན་ཚུན་ལུ་ ཚོང་འབྲེལ་ལས་དོན་གྱི་ གཞི་རྟེན་མཁོ་ཆས་ དེ་ལས་ དཔལ་འབྱོར་མཉམ་འབྲེལ་དང་ བལྟ་བཤལ་ ཤེས་རིག་ རིག་རྩལ་གོང་འཕེལ་ མཐའ་འཁོར་གནས་སྟངས་ཉམས་སྲུང་ མི་སེར་དང་ མི་སེར་གྱི་བར་ན་ མཉམ་འབྲེལ་ཚུ་གིས་གཙོས་པའི་ གནད་དོན་སྣ་མང་གི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག།.
ད་ལས་ཕར་ཡང་ ཚོང་འབྲེལ་དང་ འཕྲུལ་རིག་ ས་མཚམས་ཕན་ཚུན་གྱི་ཚོང་འབྲེལ་ དེ་ལས་ མོས་མཐུན་ཐོག་གི་ མ་རྩ་གཞི་བཙུགས་དང་ ཤེས་རིག་ མི་སེར་དང་ མི་སེར་གྱི་བར་ན་ འབྲེལ་དོན་ཚུ་ནང་ མཉམ་འབྲེལ་གྱི་དོན་ལུ་ གཤམ་འཁོད་གནད་དོན་ཚུ་ལུ་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
(༡) མཐའ་དཔྱད་ཀྱི་ ས་གནས་ཞིབ་དཔྱད་ཐེད་ཁར་ འབྲུག་དང་ གྲོས་བསྟུན་ཐོག་ལས་ ས་མཚམས་བརྒལ་ཏེ་ རེ་ལིའི་མཐུད་འབྲེལ་དེ་ ཨ་སམ་ཀོ་ཀ་ར་ཇར་ལས་ འབྲུག་དགེ་ལེགས་ཕུག་ཚུན་ རྒྱ་གཞུང་གི་ གྲོགས་རམ་ཐོག་ལས་ ལག་ལེན་འཐབ་ནི་སྦེ་ཨིནམ་བཞིན་དུ་ རྒྱ་གར་རེ་ལི་གིས་ འགོ་ཐོག་བཟོ་རིག་དང་ འགྲུལ་ལམ་ཞིབ་དཔྱད་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡོད་མི་དེ་ དྲན་ཐོ་བཀོད་གནང་སྟེ་ ནུབ་བེང་གཱལ་དང་ འབྲུག་བསམ་རྩེའི་བར་ན་ཡང་ རེ་ལིའི་མཐུད་འབྲེལ་ གཞི་བཙུགས་འབད་ནིའི་ཐེད་ཁར་ཡང་ བསམ་ཞིབ་འབད་ནི་སྦེ་ ཞལ་འཆམ་བྱུང་ནུག།
(༢) འབྲུག་དང་ རྒྱ་གར་གྱི་བར་ན་ མཐུད་འབྲེལ་དང་ བལྟ་བཤལ་གོང་འཕེལ་གྱི་དོན་ལས་ རྒྱལ་ཁབ་གསུམ་པའི་ མི་ཁུངས་ཚུ་ ས་ཐོག་ལས་ ཕྱིར་འཐོན་དང་ ནང་བསྐྱོད་ཚུ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ཐབས་ལུ་ ཨ་སམ་ད་རང་ག་དང་ འབྲུག་བསམ་གྲུབ་ལྗོངས་མཁར་དེ་ ཕྱི་མི་ནང་བསྐྱོད་ཀྱི་ ཞིབ་དཔྱད་སྒོ་ར་སྦེ་ ངོས་འཛིན་འབད་ནི་དང་།
(༣) རྒྱལ་སྲུང་ལས་འགུལ་འོག་ལུ་ ལག་རྩལ་གོང་འཕེལ་དང་ ལྕོགས་གྲུབ་གོང་འཕེལ་ཚུ་གི་དོན་ལུ་ རྒྱ་གཞུང་གིས་ སྐྱེད་ཆུང་མ་དངུལ་གྱི་ བསམ་ཞིབ་འབད་ནི།
(༤) ནུབ་བེང་གཱལ་ ཧཱལ་དི་བ་རི་-བངྒ་ལ་དེཤ་ ཅི་ལ་ཧ་ཏི་གི་ རེ་ལི་ལམ་དེ་ འབྲུག་གིས་ བངྒ་ལ་དེཤ་ལུ་ ཚོང་འབྲེལ་གྱི་ ལམ་ཁ་སྐོང་འབད་ནི།
(༥) འབྲུག་གི་འཆར་གཞི་ ༡༢ པ་དང་ ༡༣ པའི་བར་ན་ རྒྱ་གཞུང་གི་ གྲོགས་རམ་ཐོག་ལུ་ ལས་འགུལ་དང་ ལས་འཆར་ཚུ་གི་དོན་ལས་ མཐུད་མཚམས་ཀྱི་ མ་དངུལ་བྱིན་ནི།
(༦) གཞི་རྟེན་མཁོ་ཆས་ བཙན་ཐབས་ལུ་ དགེ་ལེགས་ཕུག་ འབྲུག་གི་ས་ཁོངས་ནང་ མཐུན་རྐྱེན་གོང་འཕེལ་ཚུ་དང་སྦྲགས་ཏེ་ དཱད་ག་རི་ལུ་ ད་ལྟོ་ཡོད་མི་ ས་ཐོག་ཅ་དམ་ཞིབ་དཔྱད་སྒོ་ར་དེ་ རྒྱ་གཞུང་གི་ གྲོགས་རམ་ཐོག་ལས་ གཅིག་བསྒྲིལ་ཞིབ་དཔྱད་སྒོ་ར་ལུ་ ཡར་སེང་འབད་ནི།
(༧) མཐའ་འཁོར་ཉམས་སྲུང་དང་ རི་དྭགས་སྲུང་སྐྱོབ་ གོ་དོན་ཆིངས་ཡིག་འོག་ལུ་ མཐའ་འཁོར་གནས་སྟངས་ཀྱི་ གནད་དོན་གོང་འཕེལ་ ལུང་ཕྱོགས་ནང་གི་ སྐྱེ་ལྡན་རིགས་སྣ་ ཉེན་སྲུང་ལུ་ སྤྱི་རུབ་ཁས་ལེན་ཚུ་གི་ མཉམ་འབྲེལ་སྒྲིག་བཀོད་ བཙན་ཐབས་འབད་ནི།
(༨) སྤུས་ཚད་ཅན་གྱི་ གསོ་བའི་ཤེས་ཡོན་དང་ སྦྱོང་བརྡར་གྱི་ གོ་སྐབས་ཚུ་ ངེས་གཏན་བཟོ་ཐབས་ལུ་ ཨ་སམ་ལུ་ཡོད་མི་ གསོ་བའི་མཐོ་རིམ་སློབ་གྲྭ་ཚུ་ནང་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ དྲུང་འཚོའི་མཐོ་རིམ་ཤེས་ཡོན་གྱི་དོན་ལས་ ས་སྟོང་ཁ་སྐོང་བྱིན་ནི།
(༩) རྒྱ་གར་རྒྱལ་ཁབ་ནང་མཐོ་རིམ་ཤེས་ཡོན་སྦྱང་མི་ འབྲུག་པའི་སློབ་ཕྲུག་ཚུ་གི་དོན་ལས་ རྒྱ་གར་གཞུང་ཚབ་ཀྱི་ སློབ་གཉེར་གྲོགས་རམ་གྱི་ དངུལ་ཚད་ལོག་བལྟབ་བཟོ་ནི།
ནིའུ་དིལླི་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མུམ་བའི་ལུ་ ཆིབས་བསྐྱོད་གནངམ་ད་ མཧཱ་རཱཤ་ཏ་རའི་ གཙོ་འཛིན་བློན་པོ་ ཨེག་ནཱཐ་ཤིན་ཌེ་གིས་ མི་དབང་ཞབས་ཀྱི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ མི་དབང་མཆོག་གིས་ མཧཱ་རཱཤ་ཏ་ར་ མངའ་སྡེའི་སྤྱི་ཁྱབ་ ར་མེཤ་བ་ཨིཛ་དང་ མཇལ་ཕྲད་མཛད་པའི་ཁར་ རྒྱ་འབྲུག་ ༢ ཀྱི་བར་ན་ དཔལ་འབྱོར་དང་ ཚོང་འབྲེལ་གྱི་ འབྲེལ་བ་རྒྱ་སྐྱེད་ཀྱི་དོན་ལས་ མུམ་བའི་ལུ་ཡོད་མི་ ཡོངས་གྲགས་ཅན་གྱི་ ཚོང་འབྲེལ་ལས་སྡེའི་ འགོ་འཛིན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་ལུ་ གཟིགས་སྐོར་གནང་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ དུས་ཡུན་རིངམོ་སྦེ་ གནས་ཏེ་ཡོད་མི་ ཆེ་མཐོའི་བརྗེ་སོར་ཚུ་ལུ་ རྒྱབ་སྣོན་ཁ་སྐོང་ བྱུང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱ་གར་གྱི་ བློན་ཆེན་དེ་ འབྲུག་ལུ་ གཞུང་དོན་གཟིགས་སྐོར་ལུ་ འབྱོན་དགོ་པའི་ མགྲོན་བརྡ་མཛད་གནང་ཡོདཔ་བཞིན་དུ་ རྒྱ་གར་གྱི་ བློན་ཆེན་གྱིས་ཡང་ ངོས་ལེན་འབད་ཡོདཔ་ལས་ གཟིགས་སྐོར་གྱི་ ཚེས་གྲངས་ཚུ་ དོན་གཅོད་བརྒྱུད་དེ་ མཐའ་བཅད་འབད་ནི་ཨིན་པའི་གནས་ཚུལ།

Please follow and like us: