
སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ རང་སོའི་ཁས་བླངས་གསལ་བསྒྲགས་ནང་ བཀོད་དེ་ཡོད་མི་ དོན་ཚན་ཚུ་མ་གཏོགས་ ཁས་བླངས་གསར་བཟོ་ཐོག་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤེལ་མ་ཆོག་པའི་ ཉེན་བརྡ་འབདཝ་ཨིན་པས།
དེ་ཡང་ བཙག་འཐུ་ལྷན་ཚོགས་ལས་ ཉེན་བརྡའི་ཡི་གུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ ཆ་འཇོག་གྲུབ་མི་ ཁས་བླངས་གསལ་བསྒྲགས་ནང་མེད་པའི་ དོན་ཚན་ཚུ་ ལོག་སྟེ་ར་ བསྐུལ་བསྒྲགས་འབད་བ་ཅིན་ བཙག་འཐུའི་བཅའ་ཁྲིམས་དང་ སྒྲིག་གཞི་དང་འཁྲིལ་ཏེ་ ཉེས་བྱ་ཚུ་ ཡངས་ཆག་མེད་པར་ བཀལ་ནི་ཨིན་ཟེར་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༥ ལས་ གཞུང་འབྲེལ་དུ་ འགོ་བཙུགས་མི་ སྲིད་དོན་ཚོགས་པ་ཚུ་གི་ ཁས་བླངས་ཁས་བསྒྲགས་ཚུ་ དམིགས་བསལ་གྱི་ མཁས་མཆོག་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ བསྐྱར་ཞིབ་འབད་ནུག།
དེ་སྦེ་ བསྐྱར་ཞིབ་འབད་མི་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་ ༢༠༢༢ ཅན་མ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ བསྒྱུར་བཅོས་དང་ ལེགས་བཅོས་འབད་དེ་ ཆ་འཇོག་གྲུབ་ནི་གི་ དབང་ཚད་དེ་ བཙག་འཐུ་ལྷན་ཚོགས་ལུ་ཡོད་ནི་དེ་གིས་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ ཉེན་སྲུང་ལུ་ ཐོ་ཕོག་མི་དང་ འོས་འབབ་མེད་པའི་ ཚོགས་རྒྱན་འཐོབ་ཐབས་ཀྱི་ དོན་ཚན་ཚུ་ ཁས་བླངས་གསལ་བསྒྲགས་ནང་ལས་ ཕྱིར་བཏོན་འབད་ཡོདཔ་མ་ཚད་ འདེམས་ངོ་ཚུ་གིས་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་མི་དེ་ཡང་ ངན་ལྷད་ལུ་བརྟེན་ཏེ་ ཆ་མེད་བཏང་ནུག།
ད་རེས་ནངས་པར་ སྲིད་དོན་ཚོགས་པའི་ གཙོ་འཛིན་ཚུ་གིས་ རྫོང་ཁག་ཚུ་ནང་ བསྐུལ་བསྒྲགས་འབད་དོ་ཡོདཔ་ད་ འདེམས་ངོ་ཚུ་གིས་ སྤྱིར་སྙོམས་འཛོམས་འདུ་ཚུ་ནང་ གྲལ་གཏོགས་ཐོག་ལས་ བསྐུལ་བསྒྲགས་འབདཝ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1434541
Views Today :
Total views : 5000
Who's Online :