ཡུ་ཨེཛ་དང་ རྒྱ་ནག་གི་ དབུ་ཁྲིད་ཞལ་འཛོམས་ཀྱི་ཤུལ་ལས་ དམག་སྡེའི་བརྒྱུད་འབྲེལ་ ལོག་འགོ་བཙུགས་ནི།

བི་བི་སི།

ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ མཐུན་ལམ་མ་ལེགསཔ་ཐལ་བའི་ གནས་སྟངས་བསྐྱར་གསོའི་དོན་ལས་ རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་བརྒྱུད་འབྲེལ་དེ་ ལོག་སྟེ་ར་ འགོ་བཙུགས་ནི་སྦེ་ ཞལ་འཆམ་བྱུང་ནུག།
དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ དབུ་ཁྲིད་ ༢ ཀྱི་བར་ན་ ཀ་ལི་ཕོར་ནི་ཡ་ལུ་སྦེ་ གསུང་གྲོས་གནང་པའི་ཤུལ་ལས་ དྭངས་གསལ་དང་ ཐད་ཀར་ཐོག་ལས་ བརྒྱུད་འབྲེལ་འགོ་བཙུགས་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་ད་ ད་རེས་ སྲིད་འཛིན་ ༢ ཀྱི་བར་ན་ ལོ་ ༡ ལྷགཔ་ཅིག་གི་ཤུལ་ལས་ གསུང་གྲོས་གནང་མི་དེ་ འགོ་དང་པ་ཨིན་པས།
དབུ་ཁྲིད་ཞལ་འཛོམས་ མཇུག་བསྡུ་བའི་ཤུལ་ལས་ སཱན་ཕ་རན་སིཛ་ཀོའི་ ཉེ་འདབས་ལུ་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཱ་ཡེ་ཌེན་གྱིས་ དེ་སྦེ་ བརྒྱུད་འབྲེལ་མ་འཐབ་པ་ཅིན་ རྐྱེན་ངན་ཚུ་ འབྱུང་སྲིད་ནི་ཨིན་རུང་ ད་ལས་ཕར་ སྲིད་འཛིན་ ༢ ཀྱི་བར་ན་ བརྒྱུད་འཕྲིན་འཐུ་བའི་འཕྲལ་ལས་ ཕན་ཚུན་གོ་ཐོས་ འབྱུང་འོང་ཟེར་གསུངས་ནུག།
རྒྱལ་ཁབ་ ༢ ཀྱི་ དམག་སྡེའི་བར་ན་ བརྒྱུད་འབྲེལ་དེ་ཡང་ ན་ཧིང་ ཡུ་ཨེཛ་གི་ཚོགས་དཔོན་ ནཱན་སི་པེ་ལོ་སི་གིས་ ཏཱ་ཡེ་ཝཱན་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ རྒྱ་ནག་གིས་ བཀག་དམ་འབད་ཡོདཔ་ད་ རྒྱ་ནག་གི་ཁ་ཐུག་ལས་ ཏཱ་ཡེ་ཝཱན་དེ་ རྒྱ་ནག་ཁགི་ ས་ཁོངས་སྦེ་ བརྩི་འཇོག་ཐོག་ལས་ དགོས་མཁོ་འཐོན་པ་ཅིན་ དབང་བཙོང་གི་སྒོ་ལས་ཨིན་རུང་ རྒྱ་ནག་གི་གྲས་ཁར་ བཙུགས་ནི་ཨིན་པའི་ ཉེན་བརྡ་ཚུ་ཡང་འབད་ཡོདཔ་ཨིན་པས།
ཡུ་ཨེཛ་སྲིད་འཛིན་གྱིས་ སྲིད་འཛིན་ ༢ ཀྱི་བར་ན་ ཞལ་འཆམ་མ་ཚུགས་པའི་ གནད་དོན་ལེ་ཤ་ཅིག་ར་ཡོད་རུང་ ཞལ་འཛོམས་དེ་ནང་ལས་ ཁེ་ཕན་དང་ གྲུབ་འབྲས་སྦོམ་ ཐོན་ཡོདཔ་སྦེ་ གསུངསམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: