རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ ཐབས་བྱུས་ཅན་གྱི་མཐུན་ལམ།

རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་དང་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་ ༢ ཀྱི་བར་ན་ མཇལ་ཕྲད་བྱུང་པའི་ཤུལ་ལུ་ དབུ་ཁྲིད་ ༢ ཀྱིས་ རྒྱལ་ཁབ་ ༢ ཀྱི་བར་ན་ ཕན་ཚུན་ཁེ་ཕན་ཡོད་པའི་ མཐུན་ལམ་གོང་འཕེལ་གཏང་ནི་སྦེ་ གསལ་བཤད་གནང་ནུག།
དེ་ཡང་ རྒྱ་ནག་དང་ རྒྱ་པཱན་གྱི་བར་ན་ དོན་གཅོད་ཀྱི་ བྱ་སྟབས་མ་བདེཝ་ ལེ་ཤ་ཅིག་ ཐོན་པའི་ཤུལ་ལས་ མཐུན་ལམ་དེ་ཡང་ དཔལ་འབྱོར་དང་འབྲེལ་བའི་ གནད་དོན་ཚུ་ གོང་འཕེལ་གཏང་ནི་ལུ་ གཙོ་བོར་གཏོན་ནི་ཨིན་པས།
ཨེ་ཤི་ཡའི་ གླིང་ཆེན་ནང་ དཔལ་འབྱོར་གྱི་ སྟོབས་ཤུགས་སྦོམ་ཡོད་མི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་ལུ་ ཐོ་ཕོག་དགོ་པའི་ གནད་དོན་དེ་ཡང་ རྒྱ་པཱན་གྱི་ རྒྱ་མཚོ་ལས་འཐོན་མི་ བཟའ་ཆས་ཚུ་ རྒྱ་ནག་ལུ་ ལག་ལེན་འཐབ་ནི་མེདཔ་སྦེ་ བཀག་དམ་འབད་མི་དང་ རྒྱ་པཱན་གྱི་ ཚོང་དཔོན་ཅིག་ གསང་ཞིབ་ཀྱི་ དོགས་པ་ལུ་བརྟེན་ཏེ་ རྒྱ་ནག་གིས་ འཛིན་བཟུང་འབད་ནི་དེ་གིས་ཨིན་པས།
ཨིན་རུང་ དབུ་ཁྲིད་ ༢ ཀྱི་བར་ན་ ཨེ་ཤི་ཡ་དང་ པེ་སི་ཕིག་ དཔལ་འབྱོར་མཉམ་འབྲེལ་གྱི་ དབུ་ཁྲིད་ཞལ་འཛོམས་སྐབས་ལུ་ སཱན་ཕ་རཱན་སིཛ་ཀོའི་ བཟའ་ཁང་ཅིག་ནང་ དུས་ཡུན་ཆུ་ཚོད་ ༡ གི་རིང་ལུ་ གསུང་གྲོས་གནང་སྟེ་ དོགས་བསལ་མཛད་ནུག།
དབུ་ཁྲིད་ ༢ ཀྱིས་ དཔལ་འབྱོར་གྱི་ གནད་དོན་ཚུ་དང་འབྲེལ་བའི་ ཆེ་མཐོའི་གྲོས་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ནི་ལུ་ ཞལ་འཆམ་བྱུང་ཡོདཔ་མ་ཚད་ ཕྱིར་ཚོང་སྐྱོང་བཞག་གི་ སྒྲིག་བཀོད་ཅིག་ འགོ་བཙུགས་ནི་ལུ་ཡང་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
ཨེ་ཤི་ཡ་དང་ པེ་སི་ཕིག་ དཔལ་འབྱོར་མཉམ་འབྲེལ་གྱི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ རང་སོའི་འཐུས་མི་ཚུ་དང་གཅིག་ཁར་ རྒྱལ་ཁབ་ ༢ ཀྱི་ དབུ་ཁྲིད་ ༢ གདོང་སྐོར་སྦེ་བཞུགས་ཏེ་ གསུང་གྲོས་གནང་པའི་སྐབས་ལུ་ ཇིན་པིང་གིས་ རྒྱལ་ཁབ་ ༢ ཀྱིས་ མཐའ་དོན་གཅིག་མཚུངས་ཚུ་ལུ་ གཙོ་བོར་བཟུང་སྟེ་ ཕན་ཚུན་ཁེ་ཕན་ཡོད་པའི་ ཐབས་བྱུས་ཅན་གྱི་ མཐུན་ལམ་ཐོག་ལས་ གོ་དོན་གསརཔ་ ལེན་དགོཔ་སྦེ་ཡང་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: