ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་གྱི་ གཙུག་ལག་ཁང་ལུ་ བཀྲ་ཤིས་རབ་གནས།

མེ་ཡོས་ཟླཝ་ ༡༠ པའི་ཚེས་ ༢༤ སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་མཆོག་གིས་ ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་གྱི་ གཙུག་ལག་ཁང་དེ་ ཉམས་གསོ་ཞུ་སྟེ་ ལེགས་ཤོམ་སྦེ་ བསྒྲུབས་མི་ལུ་ བཀྲ་ཤིས་རབ་གནས་གནང་ནུག།

དེ་ཡང་ སྤྱི་ལོ་ ༡༦༢༠ ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ གསར་བཞེངས་གནང་སྟེ་ སྤྱི་ལོ་ ༡༦༢༡ ལུ་ དགེ་སློང་ཞལ་གྲངས་ ༣༠ དང་བཅསཔ་སྦེ་ རྒྱལ་ཁབ་ནང་ དགེ་སློང་གི་སྡེ་ འགོ་དང་པ་ གཞི་བཙུགས་གནང་ཡོདཔ་ད་ སྐྱབས་རྗེ་ཞིང་གཤེགས་ རྗེ་བཙུན་བསྟན་འཛིན་དོན་གྲུབ་མཆོག་གིས་ གཞུང་གྲྭ་ཚང་གི་ སྒྲུབ་སྡེ་ལྟེ་བ་སྦེ་ གཞི་བཙུགས་མཛད་ཡོདཔ་ཨིན་པས།

སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༣ པའི་ནང་ གཙུག་ལག་ཁང་གི་ ཉམས་གསོའི་ལས་འགུལ་ འགོ་བཙུགས་མིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ མ་དངུལ་ས་ཡ་ ༢༩༦.༩ བགོ་བཀྲམ་གནང་ཡོད་མིའི་ཐོག་ལས་ ད་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་ ༢༥༠ དེ་ཅིག་ ཟད་འགྲོ་བཏང་ནུག།

ནང་སྲིད་ལྷན་ཁག་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་སྟེ་ ཉམས་གསོ་ཞུ་མི་ ལས་འགུལ་དེ་ནང་ ལས་མི་ ༧༥ དེ་ཅིག་ཡོད་མི་ཚུ་གིས་ ད་རེས་ ཞབས་དྲུང་ལྷ་ཁང་དང་ གཟིམ་ཅུང་ ༣ དེ་ལས་ མགྲོན་ཁྱིམ་དང་ གསོལ་ཚོགས་བཞེས་ཁང་ གསོལ་ཐབ་ཚུ་ རྐྱབ་པའི་བསྒང་ཡོདཔ་ཨིན་པས།

ད་རེས་ནངས་པར་ ལྕགས་རི་རྡོ་རྗེ་གདན་གྱི་ སྒྲུབ་སྡེའི་ནང་ སྐུ་མཚམས་བཅད་མི་ དགེ་སློང་ཞལ་གྲངས་ ༣༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: