
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་དོན་ལས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ ༢ ཀྱིས་ འདེམས་ཁོངས་སོ་སོའི་ནང་ གདམ་ངོ་གཏན་འཁེལ་གྱི་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག།
ངོ་སྤྲོད་ཡིག་ཆ་ཚུ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༩ གི་ ནང་འཁོད་ལུ་ ངོས་ལེན་འགོ་དཔོན་ལུ་ ཕུལ་ཡོདཔ་བཞིན་དུ་ སྤྱི་ཟླ་ ༡༢ པའི་ཚེས་ ༡༠ ལུ་ ཞིབ་དཔྱད་འབད་དེ་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་ནི་ཨིན་པས།
དེ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ བསྐུལ་བསྒྲགས་འབད་ཆོག་ནི་དང་ དེ་སྦེ་ བསྐུལ་བསྒྲགས་འབད་ནིའི་དོན་ལུ་ གཞུང་ཞབས་ལས་ འདེམས་ངོ་རེ་ལུ་ དངུལ་ཀྲམ་ ༡༥༠,༠༠༠ རེ་ འཐོབ་ནི་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ལས་ འགོ་བཙུགས་ཏེ་ སྤྱིར་སྙོམས་འཛོམས་འདུ་དང་ མི་དམངས་རྩོད་འགྲན་ཚུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྤྱི་ཟླ་ ༡༢ པའི་ཚེས་ ༡༥ ལུ་ འགྲེམ་ཐོག་ཚོགས་རྒྱན་ བསྒྱུར་བཅོས་དང་ ཐོ་བཀོད་གསརཔ་འབད་ནི་དང་འབྲེལ་ཏེ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ འགོ་བཙུགས་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༢ ལས་ ༤ ཚུན་ དབང་པོ་སྐྱོན་ཅན་ཚུ་ལུ་ དམིགས་བསལ་ཚོགས་རྒྱན་གྱི་ ཞབས་ཏོག་བྱིན་ནི་དང་ སྲིད་དོན་ཚོགས་པ་ ༢ ཀྱི,་ གཡུས་བཤལ་བསྐུལ་བསྒྲགས་དེ་ སྤྱི་ཟླ་ ༡ པའི་ཚེས་ ༧ ཚུན་ འགོ་འདྲེན་འཐབ་ཆོག་ནི་ཨིན་པས།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ ཚོགས་རྒྱན་བཙུགས་ཚར་བའི་ཤུལ་ལས་ ག་དེམ་ཅིག་སྦེ་ བཙག་འཐུ་ལྷན་ཚོགས་ཀྱིས་ གྲོས་ཐག་བཅད་མི་ གནད་དོན་དང་ ཡང་ཅིན་ ཚོགས་རྒྱན་བཙུགས་པའི་ཉིན་མར་ འཕྲུལ་ཆས་ཚོགས་རྒྱན་ལུ་ ཉོག་བཤད་རེ་ འཐོན་པ་ཅིན་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་ ༢༠༠༨ ཅན་མའི་ དགོངས་དོན་དང་འཁྲིལ་ཏེ་ སྤྱི་ཟླ་ ༡ པའི་ཚེས་ ༡༠ ལས་ ༢༤ ཚུན་གྱི་ ནང་འཁོད་ལུ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཞུ་ཚིག་ཕུལ་ཆོག་ནི་ཨིན་པའི་གནས་ཚུལ།




Users Today : 1379
Users Yesterday : 1288
This Month : 2667
This Year : 231508
Total Users : 943324
Views Today : 2084
Total views : 2744343
Who's Online : 9