
རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་འབད་བ་ཅིན་ ཨིཛ་རེལ་གྱིས་ ས་གནས་ག་ཟ་ལུ་ རྫས་བམ་ཚུ་ གར་ལྷོད་བཀོག་སྟེ་ གནོད་འཚུབ་བཀལ་ནི་དེ་གིས་ རྒྱལ་སྤྱིའི་ཁ་ཐུག་ལས་ ཨིཛ་རེལ་ལུ་ རྒྱབ་སྐྱོར་མར་ཉམས་འགྱོཝལས་ ཨིཛ་རེལ་གྱི་བློན་ཆེན་ ནེ་ཏ་ནི་ཡ་ཧུའི་ མནོ་ཐངས་དེ་ བསྒྱུར་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ སྲིད་འཛིན་བ་ཡེ་ཌེན་གྱིས་ ཨིཛ་རེལ་གྱི་ ཕྱད་མདའི་ནང་ རྒྱབ་འགལ་ཅན་གྱི་ གསལ་བཤད་འབད་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་སྡེ་ཚན་གྱིས་ ལྷོ་ཕྱོགས་ཨིཛ་རེལ་ལུ་ གནོད་འཚུབ་བཀལ་བའི་ ཉིན་མ་ལས་ཚུར་ བ་ཡེ་ཌེན་གྱིས་ ཨིཛ་རེལ་གྱི་ བློན་ཆེན་ལུ་ རྒྱབ་སྐྱོར་འབདཝ་འབད་སར་ཡོད་མི་ལས་ མནོ་ཐངས་མ་འདྲཝ་ཅིག་ཨིན་པས་ཟེར་བཀོད་ནུག།
ཨིཛ་རེལ་གྱིས་ ཧ་མཱཛ་གནོད་འཚུབ་ཀྱི་ གདོང་ལན་ལུ་ ཕྱག་མདའ་རྐྱབ་མིའི་ནང་ ད་ཚུན་ མི་གྲངས་ ༡༨,༠༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ མི་གྲངས་ ༥༠,༠༠༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ འགྲོ་བ་མིའི་དབང་ཆ་ལུ་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
ད་རེས་ བ་ཡེ་ཌེན་གྱིས་ ཨིཛ་རེལ་བློན་ཆེན་གྱི་ རྒྱབ་འགལ་ལུ་ གསུང་བཤད་གནང་མི་དེ་ཡང་ ཡུ་ཨེཛ་གི་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཇེག་ས་ལི་བཱན་དེ་ ཨིཛ་རེལ་གྱི་ ལྷན་རྒྱས་གཞུང་ཚོགས་དང་གཅིག་ཁར་ ཨིཛ་རེལ་གྱི་ ཕྱད་མདའི་སྐོར་ལས་ ཞལ་འཛོམས་ཀྱི་དོན་ལུ་ འགྱོ་ནི་སྦེ་ གྲ་སྒྲིག་འབད་མི་དང་ ཁ་ཐུག་རྐྱབ་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་བློན་ཆེན་ ནེ་ཏ་ནི་ཡ་ཧུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ག་ཟ་ལུ་ བཙན་འཛུལ་ཐོག་ལས་ ཕྱད་མདའ་རྐྱབ་མིའི་ནང་ ཡུ་ཨེཛ་གིས་ རྒྱབ་སྐྱོར་འབད་དེ་ རྒྱལ་སྤྱིའི་གནས་རིམ་ནང་ ཕྱད་མདའ་བཀག་ཆ་འབད་དགོ་པའི་ ནན་སྐུལ་དེ་ ཡུ་ཨེཛ་གིས་ ཨེབ་བཞག་དོ་བཟུམ་སྦེ་ ཧ་མཱཛ་གིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ མ་འགྲིགསཔ་ཐོན་མི་དེ་ཡང་ འཆམ་ཁ་བཟོ་ཚུགས་པའི་ རེ་བ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1398009
Views Today :
Total views : 5000
Who's Online :