པ་ཀིཛ་ཏཱན་གྱི་ དམག་སྒར་ཅིག་ལུ་ ཨིཛ་ལ་མིགཛ་གིས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༢༤ ལུ་ ཤི་རྐྱེན།

རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ ཨིཛ་ལམ་ཆོས་ལུགས་ཀྱི་ དྲག་ཐོག་དབང་བཙོང་འབད་མི་ གཡིབ་དམག་ཚུ་གི་ རྫས་བམ་འབག་མི་ སྣུམ་འཁོར་ཊག་ ༡ གིས་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ལུ་ཡོད་མི་ ཁྲིམས་སྲུང་དམག་སྒར་ཅིག་གུ་བརྡུངམ་ལས་ མི་གྲངས་ ༢༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
སྲུང་སྐྱོབ་འགོ་དཔོན་ཚུ་གིས་ པ་ཀིཛ་ཏཱན་དང་ ཨཱཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཁར་ དེ་ར་ཨིཛ་མ་ཡེལ་ཁཱན་ མངའ་སྡེའི་ནང་ཡོད་མི་ དམག་སྒར་ལུ་ གནོད་འཚུབ་བཀལཝ་ད་ རྫས་བམ་གས་བཅུག་ཡོདཔ་མ་ཚད་ ཀྲོབ་མདའ་ཚུ་ཡང་ རྐྱབ་ཡོདཔ་ཨིན་པས།
ཁྲིམས་སྲུང་དམག་སྒར་དེ་ དྲག་པོའི་དམག་སྡེ་གིས་ བེད་སྤྱོད་ཐོག་ལུ་ཡོདཔ་ད་ ཏ་ལི་བཱན་སྡེ་ཚན་གྱི་ གཡིབ་དམག་ཚུ་གིས་ དང་པ་ར་ རྫས་བམ་འབག་མི་ སྣུམ་འཁོར་དེ་ དམག་སྒར་གྱི་རྩིགཔ་གུ་ བརྡུང་པའི་ཤུལ་ལས་ ཀྲོབ་མདའ་རྐྱབ་པ་ལུ་བརྟེན་ཏེ་ དམག་སྒར་ནང་ཡོད་མི་ གོ་མཚོན་ཚུ་ཡང་ གས་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
གནོད་འཚུབ་དེ་ནང་ རྨ་སྐྱོན་བྱུང་མི་ཚུ་ཡང་ ལ་ལོ་ཅིག་ ཚབས་ཆེན་སྦེ་ར་ཡོདཔ་ད་ པ་ཀིཛ་ཏཱན་ལུ་ཡོད་མི་ ཏ་ལི་བཱན་སྡེ་ཚན་གྱིས་ པ་ཀིཛ་ཏཱན་གྱི་ དམག་སྡེ་ལུ་ དམིགས་གཏད་བསྐྱེད་ཐོག་ལས་ གནོདཔ་བཀལ་ཡོདཔ་སྦེ་བཤད་ནུག།
གནོད་འཚུབ་བཀལ་མི་ ཏ་ལི་བཱན་སྡེ་ཚན་དེ་ པ་ཀིཛ་ཏཱན་གྱི་ ཏ་རིག་ཨེ་ཏ་ལི་བཱན་ཟེར་མི་ སྡེ་ཚན་གཙོ་བོ་དང་ འབྲེལ་བ་ཡོད་མེད་ ཏན་ཏན་མེད་རུང་ སྡེ་ཚན་གཙོ་བོ་དེ་གིས་ རྒྱལ་ཁམས་དང་ ལས་སྡེ་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལཝ་མས་ཟེར་ཨིན་པས།
ཁོང་གིས་ དེ་སྦེ་འབད་མི་དེ་ གཙོ་བོ་ར་ པ་ཀིཛ་ཏཱན་གཞུང་དེ་ ཧྲམ་བཏང་སྟེ་ དཀའ་སྡུག་ཅན་གྱི་ ཁྲིམས་ལུགས་འོག་ལུ་ ཨིཛ་ལམ་ཆོས་ལུགས་ཀྱི་ གཞུང་ བཙུགས་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: