
སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ འབྲུག་རྒྱང་བསྒྲགས་ཀྱིས་ རྒྱང་མཐོང་ཐོག་ལས་ དངོས་མཐོང་སྦེ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གོང་འོག་ ༤ གི་བར་ན་ སྤྱིར་བཏང་བཙག་འཐུའི་དོན་ལས་ རྩོད་འགྲན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
དེ་བསྒང་ སྲིད་ཚོགས་གཉིས་ཆ་ར་གིས་ དཔལ་འབྱོར་གོང་འཕེལ་དང་ གནམ་གཤིས་ ན་གཞོན་དང་ ཤེས་རིག་ དེ་ལས་ ལམ་སྲོལ་དང་ མཐའ་འཁོར་གནས་སྟངས་ཉམས་སྲུང་ གསོ་བའི་གཞི་རྟེན་ཚུ་གི་སྐོར་ལས་ རྩོད་བསྡུར་འབད་ཡི།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ རྒྱུ་ནོར་ ༥ ལུ་ དམིགས་བསལ་གྱིས་ གཙོ་བོར་བཟུང་སྟེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ཨིན་པའི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་ཡང་ དཔལ་འབྱོར་གྱི་ གཞི་རྟེན་གཙོ་བོ་ སོ་ནམ་དང་ ལྟ་བཤལ་ གཞི་རྟེན་མཁོ་ཆས་ ནུས་ཤུགས་ དེ་ལས་ ས་གཏེར་དང་ གཏེར་རྫས་ཚུ་ལུ་ དམིགས་བསལ་གྱིས་ གཙོ་བོར་བཟུང་སྟེ་ ལོ་ངོ་ ༥ གི་ ནང་འཁོད་ལུ་ བཟའ་ཚང་རེའི་ འབབ་ཁུངས་དེ་ ལོག་བལྟབ་བཟོ་ནི་ཨིན་པའི་ གསལ་བཤད་འབད་ཡི།
དེ་བཟུམ་མའི་ འོང་འབབ་ཚུ་ཡང་ སོ་ནམ་ལུ་བརྟེན་ཏེ་ དངུལ་ཀྲམ་ཐེར་འབུམ་ ༧ དང་ ལྟ་བཤལ་ལུ་བརྟེན་ཏེ་ དངུལ་ཀྲམ་ཐེར་འབུམ་ ༡༢༠ དེ་ཅིག་ བཟོ་ནི་ཨིན་པའི་ ཁས་བླངས་ཡོད་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་གཙོ་འཛིན་ པདྨ་ཚེ་དབང་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་དེ་ ཚོགས་པ་ག་གིས་འཐོབ་རུང་ དམིགས་ཡུལ་ངོ་མ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་འདི་ཨིནམ་ལས་ གལ་སྲིད་ རྟེན་འབྲེལ་ཚོགས་པ་གིས་ གཞུང་སྐྱོང་གི་ གོ་སྐབས་འཐོབ་པ་ཅིན་ དཔལ་འབྱོལ་གོང་འཕེལ་ གཏང་ནི་དང་འབྲེལ་ཏེ་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་ལུ་ གཙོ་བོར་བཟུང་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ ཚོགས་པའི་ཁས་བླངས་ཚུ་ལུ་ ལེགས་ཤོམ་སྦེ་ གཟིགས་ཞིནམ་ལས་ གདམ་ཁ་རྐྱབ་དགོཔ་འདི་ གལ་ཆེ་ཟེར་ཨིན་པས།
ལོ་ལྔའི་འཆར་གཞི་ ༡༣ པའི་དོན་ལུ་ འཆར་དངུལ་ཐེར་འབུམ་ ༥༡༢ བཀོད་དེ་ཡོད་མི་དེ་ མཐུན་ལམ་ཅན་གྱི་ རྒྱ་གར་གཞུང་ལས་ ལེན་ནི་དང་ འཆར་དངུལ་དེ་གི་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༥༠ གཞི་རྟེན་མཁོ་ཆས་ གོང་འཕེལ་ནང་ ཟད་འགྲོ་བཏང་སྟེ་ མི་སེར་གྱི་ འབབ་ཁུངས་ལོག་བལྟབ་སྦེ་ བཟོ་ནི་ཨིན་པའི་སྐོར་ལས་ གསལ་བཤད་འབད་ཡི།
གཙོ་འཛིན་འོགམ་ པདྨ་བསྟན་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ གོང་འཕེལ་ལས་སྣ་ཚུ་གི་དོན་ལུ་ མ་དངུལ་ཚུ་ གཙོ་རིམ་སྒྲིག་སྟེ་ཡོདཔ་མ་ཚད་ རྟེན་འབྲེལ་ཚོགས་པའི་ནང་ འཆར་དངུལ་དཔྱ་བགོ་འབད་མི་ ཉམས་མྱོང་ཅན་ཚུ་ཡང་ཡོད་ཟེར་ཨིན་པས།
དེ་ལས་ གསོ་བའི་ཐེད་ཁར་ འབུ་ནི་མེད་པའི་ ནད་གཞི་བརྟག་དཔྱད་ཀྱི་དོན་ལས་ གཞི་རྟེན་སྨན་ཁང་ཚུ་ནང་ གསོ་བའི་ལས་གཡོགཔ་ ཕོ་མོ་ཟུང་འབྲེལ་སྦེ་ བསྐོ་བཞག་འབད་ནི་ཨིན་པའི་ ཁས་བླངས་ཡོད་ལུགས་ཚུ་ཡང་ གསལ་བཤད་འབད་ཡི།
དེ་མ་ཚད་ རྒྱལ་ཁབ་ནང་ གཞུང་གཡོགཔ་མ་ལང་པའི་ དཀའ་ངལ་བསལ་ཐབས་ལུ་ ད་ལྟོ་ཡོད་མི་ ཞི་གཡོགཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཏེ་ མི་སྟོབས་སྒྲིང་སྒྲིང་ བཟོ་ནི་ཨིན་པའི་ཁར་ ལཱ་གི་ས་ཁོངས་ཚུ་ཡང་ བྱ་སྟབས་བདེ་ཏོག་ཏོ་བཟོ་སྟེ་ བདག་འཛིན་ཐོག་ལུ་ བཞག་ནི་དང་ ཚབ་བཙུགས་མ་དགོཔ་ བཟོ་ནི་ཨིན་པའི་ ཁས་བླངས་ཚུ་ཡང་ཡོད་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ པདྨ་ཚེ་དབང་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་ཧ་ལས་སི་སི་སྦེ་ ཐོབ་ཡོད་རུང་ སྤྱིར་བཏང་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ དྲནམ་བཏོན་ཏེ་ རང་མོས་རྣམ་དག་གི་སྒོ་ལས་ ཚོགས་རྒྱན་བཙུགས་པ་ཅིན་ བསྒྱུར་བཅོས་འགྱོ་ནི་གི་ གོ་སྐབས་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡི།
མི་སེར་དམངས་གཙོའི་ཚོགས་པ།
སྲིད་དོན་ཚོགས་པ་ ༢ ཀྱི་ གཙོ་འཛིན་གོང་འོག་ཚུ་གི་བར་ན་ འབྲུག་རྒྱང་བསྒྲགས་ཀྱིས་ རྒྱང་མཐོང་ཐོག་ལས་ རྩོད་འགྲན་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁོང་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་ ཉམས་མྱོང་ཡོད་ལུགས་ཚུ་ གསལ་བཤད་འབད་ཡི།
དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་ནང་ གལ་གནད་ཅན་གྱི་ དཔལ་འབྱོར་བསྐྱར་གསོ་དང་ ཡར་དྲགས་གཏང་སྟེ་ སྒྲིང་སྒྲིང་བཟོ་དགོཔ་ ཁག་ཆེ་ཟེར་ཨིན་པས།
གལ་སྲིད་ འབྲུག་རྒྱལ་ཁབ་ནང དཔལ་འབྱོར་ཡར་རྒྱས་འགྱོ་བ་ཅིན་ ད་རེས་ནངས་པར་ ཕྱི་རྒྱལ་ཁག་ལུ་ཡོད་མི་ འབྲུག་མི་ཚུ་གིས་ཡང་ མ་རྩ་གཞི་བཙུགས་འབད་ནི་གི་ གོ་སྐབས་ཚུ་ འཐོབ་ནི་ཨིན་པའི་ཁར་ རྒྱལ་ཁབ་ནང་ ལོག་འོང་ནི་ལུ་ཡང་ གདམ་ཁ་རྐྱབ་ནི་ཨིན་པའི་ གསལ་བཤད་འབད་ཡི།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་འོགམ་ རྡོ་རྗེ་ཆོས་སྒྲོན་གྱིས་ དཔལ་འབྱོར་རང་གོ་རང་འདྲོངས་ཀྱི་དོན་ལུ་ སོ་ནམ་ལས་སྡེ་ གོང་འཕེལ་གཏང་ནི་དེ་ གལ་ཆེཝ་ལས་ སོ་ནམ་ཞིང་པ་ཚུ་གི་ ལྕོགས་གྲུབ་ཡར་དྲགས་གཏང་ཐབསལུ་ རྒྱབ་སྐྱོར་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
ཁོང་གི་ཁས་བླངས་ནང་ དཔལ་འབྱོར་གྱི་ ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་ ༡༥ དེ་འཕྲལ་ལས་ བཙུགས་ནི་གི་ ཁས་བླངས་ཡོད་ཟེར་ཨིན་རུང་ མ་དངུལ་འདི་ རྡོག་རིལ་རིལ་སྦེ་ དངུལ་ཁང་ནང་མེད་པའི་ དོགས་སེལ་ཡང་འབད་ཡི།
ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ གལ་སྲིད་ མི་སེར་དམངས་གཙོའི་ཚོགས་པ་ལུ་ གཞུང་སྐྱོང་གི་ གོ་སྐབས་འཐོབ་པ་ཅིན་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནི་དང་ ནག་རླུང་ཚོང་འབྲེལ་ དེ་ལས་ རང་བཞིན་གནས་སྟངས་ཚུ་ ཉེན་སྐྱོབ་འབད་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ལམ་སྲོལ་ཉམས་སྲུང་གི་ཐེད་ཁར་ དོན་སྨིན་ཅན་གྱི་ ཐབས་བྱུས་ཚུ་གི་སྒོ་ལས་ ད་ལྟོ་ཡོད་མི་ གདོང་ལན་ཚུ་ ངོས་ལེན་འབད་དེ་ ལམ་སྲོལ་ཚུ་ གོང་འཕེལ་གཏང་ཞིནམ་ལས་ ན་གཞོན་ཚུ་ལུ་ ཡིད་ཁར་འོང་ཏོག་ཏོ་ བཟོ་ནི་ཨིན་པའི་ གསལ་བཤད་ཡང་འབད་ཡི།
དེ་ལས་ འཕྲོད་བསྟེན་གྱི་ཐེད་ཁར་ རྒྱལ་ཁབ་ཀྱི་ སྨན་ཁང་ཚུ་ནང་ གསོ་བའི་ལས་བྱེདཔ་ཚུ་ མང་སུ་བཙུགས་ནི་ཨིན་པའི་ཁར་ གསོ་བ་དང་ གཙང་སྦྲའི་སྐོར་ལས་ཡང་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
འབྲུག་མི་ཕྱིར་བསྐྱོད་དང་ ལས་གཡོག་པའི་ ས་སྟོང་བསུབ་ནི་ཚུ་གི་སྐོར་ལས་ དྲིས་བའི་ལན་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཁ་ཐུག་ལས་ དང་པ་ར་ ད་རེས་ཡོད་མི་ ལས་གཡོགཔ་ཚུ་ བདག་འཛིན་འབད་དེ་ བཞག་ནི་དང་ གལ་སྲིད་ ཕྱི་ཁར་འགྱོ་ར་འགྱོ་བ་ཅིན་ ས་སྟོང་བསུབ་ཐབས་ལུ་ དེ་འཕྲལ་ལས་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་པའི་ ཁས་བླངས་ཡོད་ལུགས་ཚུ་ བཤད་ཡོད་པའི་གནས་ཚུལ།





Users Today : 292
Users Yesterday : 3016
This Month : 87416
This Year : 383382
Total Users : 1095198
Views Today : 338
Total views : 3063090
Who's Online : 14