རྒྱལ་ཁབ་ནང་ སྐྱིན་འགྲུལ་ཚུ་ མཚམས་འཇོག་ཐོག་ལུ་ བཞག་ཡོད་མི་དེ་ ཡངས་ཆག་གནང་ནི་གི་ བརྡ་ལན་མེདཔ།

རྒྱལ་ཁབ་ནང་ ཁང་ཁྱིམ་དང་ བཟའ་ཁང་བཟོ་བསྐྲུན་གྱི་ སྐྱིན་འགྲུལ་ཚུ་ མཚམས་འཇོག་ཐོག་ལུ་ བཞག་ཡོད་མི་དེ་ ཡངས་ཆག་གི་དོན་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀོད་རྒྱ་ལུ་ བསྒུགས་ཏེ་ཡོདཔ་ཨིན་པས།
དེ་ཡང་ དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ཚེས་ ༩ ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ མཚམས་འཇོག་འབད་དེ་བཞག་ནུག།
དེ་སྦེ་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་ གཙོ་བོ་ར་ བཟོ་བསྐྲུན་ཚུ་དང་འབྲེལ་བའི་ ཕྱི་དངུལ་ཟུར་གསོག་ ཚད་གཅིག་ལས་བརྒལ་ཏེ་ མེད་མི་དེ་ ཕྱི་ཁར་བཏང་དགོ་མི་དང་ ལོག་ཐོབ་མ་ཚུགས་པའི་ སྐྱིན་འགྲུལ་གྱི་ ཚད་གཞི་ཡར་སེང་འགྱོཝ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲུག་གཞུང་ལུ་ ཚ་གྱང་སྦོམ་སྦེ་ར་ ཕོག་ནི་དེ་གིས་ཨིན་པས།
ཨིན་རུང་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ཚེས ༨ ཀྱི་ཧེ་མར་ གནང་བ་གྲུབ་མི་ སྐྱིན་འགྲུལ་དང་ ཉམས་བཅོས་ཀྱི་ སྐྱིན་འགྲུལ་ཚུ་ མཚམས་འཇོག་མ་འབད་བར་ཡོདཔ་ལས་ ལོ་མཇུག་ལུ་ བསྐྱར་ཞིབ་འབད་ནི་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འབྲུག་གི་དངུལ་ཁང་ལས་ འགོ་དཔོན་ཅིག་གིས་ ཁོང་གི་འགན་ཁུར་དེ་ དངུལ་ཁང་ལྟེ་བའི་ ལམ་སྟོན་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་དེ་ར་ཨིན་ཟེར་ བཤད་ཡོདཔ་ད་ ཁོང་གི་ཁ་ཐུག་ལས་ ད་རེས་ཀྱི་ ཟླ་མཇུག་ལུ་ མཇུག་བསྡུ་ནི་ཨིན་མི་ སྐྱིན་འགྲུལ་མཚམས་འཇོག་ ཆ་གནས་ཀྱི་ སྔ་གོང་ལས་ བཟོ་བསྐྲུན་འགོ་བཙུགས་མི་ཚུ་ལུ་ ཁང་ཁྱིམ་བཟོ་བསྐྲུན་གྱི་ སྐྱིན་འགྲུལ་ཚུ་ སྤྲོད་དེ་ར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འགོ་དཔོན་ཅིག་གིས་ཡང་ སྐྱིན་འགྲུལ་མཚམས་འཇོག་ ཡངས་ཆག་གཏང་ནིའི་སྐོར་ལས་ བརྡ་ལན་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཕྱི་དངུལ་ཟུར་གསོག་གི་ ཚད་གཞི་དེ་ ད་རེས་ཡང་ དམའ་སུ་ཅིག་སྦེ་ར་ གནས་ཡོད་རུང་ ཚོང་མགྲོན་པ་ཚུ་ལུ་ སྐྱིན་འགྲུལ་མ་ཐོབ་པའི་ དཀའ་ངལ་ཡོདཔ་ལས་ མཚམས་འཇོག་དེ་ ཡངས་ཆག་གཏང་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཁ་ཐུག་ལས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ སྐྱིན་འགྲུལ་དང་ ཞབས་ཏོག་མ་འདྲཝ་ཚུ་བྱིན་ནི་ འགོ་བཙུགས་ནི་ཨིན་རུང་ ཁང་ཁྱིམ་དང་ བཟང་ཁང་གསར་བསྐྲུན་ཚུ་གི་ སྐྱིན་འགྲུལ་དེ་ མཚམས་འཇོག་འབྲེལ་བའི་ བཀོད་རྒྱ་དང་ར་ འཁྲིལ་ནི་ཨིན་ཟེར་ བཤདཔ་ཨིན་པས།
དེ་ལས་ འབྲུག་གོང་འཕེལ་དངུལ་ཁང་གིས་ཡང་ སྣུམ་འཁོར་ཉོ་སྒྲུབ་དང་ ཁང་ཁྱིམ་དང་ བཟའ་ཁང་བཟོ་བསྐྲུན་གྱི་ སྐྱིན་འགྲུལ་ཚུ་ དངུལ་ཁང་ལྟེ་བ་ལས་ བཀོད་རྒྱ་མ་ཐོབ་ཚུན་ མཚམས་འཇོག་སྦེ་ར་ བཞག་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: