
སྤྱི་ཟླ་ ༡ པའི་ཚེས་ ༡ གི་ཕྱི་རོ་ ཞིབ་དཔྱད་བཀོད་ཚོགས་ཀྱིས་ སྤ་རོ་རྒྱལ་གཞུང་འབྲུག་གི་འགག་སྡེའི་ སྨྱོ་རྫས་དང་ ཁྲིམས་དོན་བསྟར་སྤྱོད་སྡེ་ཕྲན་དང་ མཉམ་འབྲེལ་ཐོག་ལས་ ཞིབ་དཔྱད་འབད་བའི་སྐབས་ལུ་ རྫོང་གི་སྣུམ་འཁོར་བཞག་ས་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ཅིག་ བདའ་ཟུན་ཡོདཔ་ཨིན་པས།
དེ་ཡང་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ཟེར་མི་ སྨན་ཐུམ་ ༨༦༤ ཐོབ་པའི་ཤུལ་ལས་ དོགས་པ་ཅན་གྱི་ སྡོད་ཁྱིམ་ནང་ འཚོལ་ཞིབ་འབད་བའི་སྐབས་ལུ་ཡང་ སྨྱོ་རྫས་ཨེཛ་པི་པཱ་ལཱཛ་ སྨན་ཐུམ་ ༧,༩༢༠ འབདཝ་ད་ ཤོག་སྒམ་ ༥༤ ཐོབ་ནུག།.
སྨྱོ་རྫས་ནག་ཚོང་དེ་ནང་ སྤ་རོ་ལས་ སྐྱེས་ལོ་ ༣༥ འབད་མི་ ཚེ་རིང་དབངམོ་གིས་ གྲལ་གཏོགས་འབད་ཡོད་པའི་ དོགས་པ་ཡོདཔ་ད་ མོ་གིས་ མོ་རའི་ཚེ་གཡོག་དེ་ཡང་ ཚོང་ལཱ་ཟེར་ བཀོད་དེ་ཡོདཔ་ཨིན་པས།
དྲི་དཔྱད་སྐབས་ལུ་ མོ་གིས་ རྒྱ་གར་གྱི་ས་གནས་ ཇའི་སྒང་ལས་ ངོས་འཛིན་མེད་པའི་ ཚོང་འབྲེལ་འཐབ་མི་ཅིག་ལས་ བདུན་ཕྲག་ ༣ དེ་ཅིག་གི་ཧེ་མར་ ཨེཛ་པི་པཱ་ལཱཛ་ ཤོག་སྒམ་ ༦༠ ཉོ་ཡི་ཟེར་ཨིནམ་ད་ དེ་ཡང་ ཤོག་སྒམ་རེ་ལུ་ དངུལ་ཀྲམ་ ༣,༠༠༠ རེ་འབདཝ་ད་ དངུལ་ཀྲམ་བསྡོམས་ ༡༨༠,༠༠༠ སྤྲོད་ཅི་ཟེར་ བཤད་ཡོདཔ་ཨིན་པས།
ཞིབ་དཔྱད་བཀོད་ཚོགས་སྡེ་ཚན་གྱིས་ མོ་གི་འབད་བཞག་ཚུ་ བལྟ་རྟོག་འབད་དེ་ སྨྱོ་རྫས་དང་ ཁྲིམས་དོན་བསྟར་སྤྱོད་སྡེ་ཕྲན་ལུ་ བརྡ་དོན་ཚུ་ བརྒྱུད་སྤེལ་དང་ བརྗེ་སོར་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ནུག།
མོ་རང་གིས་ སྨྱོ་རྫས་སྤྱོད་ཡོད་མེད་ བརྟག་དཔྱད་འབདཝ་ད་ སྨྱོ་རྫས་སྤྱོད་ཡོད་པའི་ མངོན་གསལ་མ་ཐོན་རུང་ ཞིབ་དཔྱད་འཕྲོ་མཐུད་ཀྱི་དོན་ལས་ དོ་དམ་འོག་ལུ་ བཞག་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392745
Views Today :
Total views : 5000
Who's Online :