
བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༧ ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ བཙག་འཐུ་འགོ་འདྲེན་འཐབ་ནི་ཨིནམ་ལས་ བཙག་འཐུ་དེ་ནང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་གྱི་ འགན་ཁུར་སྐོར་ལས་ གྲོས་བསྡུར་འབདཝ་ཨིན་པས།
དེ་ཡང་ ད་རེས་ཀྱི་ བཙག་འཐུ་དེ་བརྩིཝ་ད་ ཤེག་ཧ་སི་ན་གིས་ བློན་ཆེན་གྱི་དོན་ལུ་ འཕྲོ་རྐྱང་སྟེ་ར་ ལན་ཐེངས་ ༤ དོ་འགྲན་འབད་ནི་ཨིནམ་ད་ བཙག་འཐུ་དེ་ནང་ ལྡོག་ཕྱོགས་ཚོགས་པ་ གཙོ་བོ་གིས་ གྲལ་གཏོགས་མི་འབད་ནི་སྦེ་ ཐག་བཅད་ཡོདཔ་ལས་ མོ་གིས་ རྒྱལ་ཁ་མ་འཐོབ་ རང་འཐོབ་ཨིན་པས།
བང་ལ་དེཤ་ ནེ་ཤ་ནཱལ་ལིཛ་ སྲིད་ཚོགས་དང་ ཁོང་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཤེག་ཧ་སི་ན་གིས་ བཙག་འཐུ་དེ་ དྲང་བདེན་གྱི་སྒོ་ལས་ འགོ་འདྲེན་མི་འཐབ་འོང་མནོ་བའི་ དོགས་པ་ཡོདཔ་ད་ དེ་ཡང་ མོ་ར་དགོངསམ་ཞུ་སྟེ་ རང་དབང་ཅན་གྱི་ གནས་སྐབས་གཞུང་ལུ་ བཙག་འཐུ་དེ་ འགོ་འདྲེན་འཐབ་བཅུག་དགོ་པའི་ མཁོ་འདོད་བཀོདཔ་ཨིན་རུང་ ཤེག་ཧ་སི་ན་གིས་ ངོས་ལེན་འབད་མ་མཏུབ་ཨིན་པས།
བང་ལ་དེཤ་ལུ་ མི་རློབས་ས་ཡ་ ༡༧༠ དེ་ཅིག་ལས་ མང་ཤོས་ཅིག་ མུཛ་ལིམ་གི་ མི་རིགས་ཚུ་ཡོདཔ་ད་ རྒྱལ་ཁབ་ཀྱི་ ས་མཚམས་ཚུ་ཡང་ ཀི་ལོ་མི་ཊར་ ༢༧ མ་གཏོགས་ གཞན་ཚུ་ག་ར་ མ་ཡཱན་མར་དང་ རྒྱ་གར་གྱིས་ མཐའ་བསྐོར་ཏེ་ཡོདཔ་ཨིན་པས།
རྒྱ་གར་གྱི་དོན་ལུ་ བང་ལ་དེཤ་དེ་ ཁྱིམ་མཚེས་ཀྱིས་མ་དོ་བར་ རྒྱལ་ཁབ་བྱང་ཤར་གྱི་ མངའ་སྡེ་ཚུ་གི་ སྲུང་སྐྱོབ་ཀྱི་དོན་ལུ་ཡང་ ག་ནི་བ་ གལ་ཆེ་བའི་ མཉམ་རོགས་ཅིག་ཡང་ཨིན་པས།
དེ་འབདཝ་ལས་ རྒྱ་གར་གྱི་ སྲིད་བྱུས་བརྩམ་མི་ཚུ་གིས་ བང་ལ་དེཤ་གི་གཞུང་དེ་ རྒྱ་གར་དང་ མཐུན་ལམ་ཅན་ཅིག་ར་དགོ་ཟེར་ཨིནམ་ད་ ཤེག་ཧ་སི་ན་གིས་ སྤྱི་ལོ་ ༡༩༩༦ ལུ་ འགོ་དང་པ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་ཞིནམ་ལས་ཚུར་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་དམ་ཟབ་ཡོདཔ་ལས་ རྒྱ་གར་གྱིས་ བང་ལ་དེཤ་གི་ བློན་ཆེན་དེ་ མོ་ར་དགོ་པའི་ བརྡ་སྟོན་འབད་མི་ཡང་ མི་མང་ག་ར་གིས་ ཤེསཔ་ཨིན་པས།
ཤེག་ཧ་སི་ན་གིས་ཡང་ སྤྱི་ལོ་ ༢༠༢༢ ལུ་ རྒྱ་གར་གྱི་རྒྱལ་ས་ དིལླི་ལུ་ གཟིགས་སྐོར་གནངམ་ད་ ཧེ་མར་ སྤྱི་ལོ་ ༡༩༧༡ ལུ་ རྒྱལ་ཁབ་རང་དབང་གི་དོན་ལས་ ཕྱད་མདའ་རྐྱབ་པའི་སྐབས་ལུ་ རྒྱ་གར་གྱིས་ རྒྱབ་སྐྱོར་འབད་མི་ལུ་ བང་ལ་དེཤ་གིས་ རྒྱ་གར་རྒྱལ་ཁབ་དེ་ དུས་ནམ་ཡང་ སེམས་ཁ་ལས་ མི་བརྗེད་ནི་ཨིནམ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1393023
Views Today :
Total views : 5000
Who's Online :