
བི་བི་སི།
ཡུ་ཨེཛ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཕྱད་མདའི་ནང་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ལེན་མི་ མགྱོགས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ ལག་ལེན་འཐབ་མས་ཟེར་ཨིན་པས།
ཡུ་ཨེཛ་གི་ རྒྱལ་ཡོངས་སྲུང་སྐྱོབ་ཚོགས་སྡེ་ལས་ མགྲིན་ཚབ་ཇཱོན་ཀར་བི་གིས་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ར་ཤི་ཡ་ལུ་ དེ་བཟུམ་མའི་ རྒྱབ་སྐྱོར་འབད་ནི་དེ་གིས་ ཚ་གྱང་ཡར་སེང་འགྱོཝ་ལས་ གནད་དོན་དེ་ལུ་ ཡུ་ཨེཛ་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ནང་བཙུགས་ཏེ་ གོ་མཚོན་སྤོ་བཤུད་ནང་ ཆ་རོགས་འབད་མི་ རྒྱལ་ཁབ་ཚུ་གི་ རྒྱབ་འགལ་ལུ་ བཀག་ཆ་ཁ་སྐོང་འབད་ནི་སྦེ་ཨིན་རུང་ ར་ཤི་ཡ་གིས་ དེ་བཟུམ་མའི་ མཉམ་འབྲེལ་འཐབ་ཡོདཔ་སྦེ་ སླབ་མི་དེ་ མི་བདེན་ཟེར་ཨིན་པས།
ཡུ་ཨེཛ་གིས་ དེ་བཟུམ་མའི་ ཁ་ཉེས་བཀལ་བའི་ཤུལ་ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ ཁོ་རའི་རྒྱལ་ཁབ་ནང་ མི་ཛ་ཡེལ་བཏང་ནི་གི་ འཕྲུལ་འཁོར་བཏོན་ཚད་ རྒྱ་སྐྱེད་བཏང་དགོ་པའི་ བཀོད་རྒྱ་གནང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༩ པའི་ནང་ བྱང་ཀོ་རི་ཡའི་ སྲིད་འཛིན་དེ་ཡང་ དྲག་དམག་མཉམ་འབྲེལ་གྱི་དོན་ལས་ ར་ཤི་ཡ་ལུ་ གཟིགས་སྐོར་གནང་པར་ བྱོན་ཡོདཔ་ཨིན་པས།
ཧེ་མ་ཡང་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ ཁ་ཐུག་ལས་ ར་ཤི་ཡ་ལུ་ གོ་མཚོན་ཚུ་ བྱིན་ཡོད་པའི་ ཁ་ཉེས་བཀལ་ཡོད་རུང་ ད་རེས་ ཡུ་ཨེཛ་གི་ གསང་ཞིབ་ལས་སྡེ་གིས་ མི་ཛ་ཡེལ་དང་འདྲ་བའི་ གོ་མཚོན་ཚུ་གི་ ཁ་གསལ་བཤད་མི་དེ་ འགོ་དང་པ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༢ ལུ་ གནས་ཚུལ་ཞལ་འཛོམས་ཅིག་ནང་ ཀར་བི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ མི་ཛ་ཡེལ་ཚུ་ ཉོ་མི་དེ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ གྲོས་ཆོད་ལེ་ཤ་ཅིག་ལས་ འགལ་བ་ཨིནམ་མ་ཚད་ རྒྱལ་སྤྱིའི་འགན་ཁུར་ཚུ་ལས་འགལ་བའི་ འགན་འཁྲི་དེ་ཡང་ ར་ཤི་ཡ་ལུ་ བཀལ་དགོ་པའི་ མཁོ་འདོད་བཀོད་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ར་ཤི་ཡ་གིས་ ཨི་རཱན་ལས་ཡང་ རྒྱང་ཐུང་མི་ཛ་ཡེལ་ཚུ་ ཉོ་ནི་གི་ འཆར་གཞི་ཡོད་རུང་ ད་ཚུན་ ཉོ་སྒྲུབ་མ་འབད་བས་ཟེར་ཨིནམ་ད་ ཡུ་ཀེ་གིས་ཡང་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའི་དོན་ལུ་ ར་ཤི་ཡ་གིས་ བྱང་ཀོ་རི་ཡ་ལས་ མི་ཛ་ཡེལ་ཚུ་ ཉོ་ཡོདཔ་སྦེ་ ཁ་ཉེས་བཀལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1727
Users Yesterday : 3909
This Month : 127403
This Year : 423369
Total Users : 1135185
Views Today : 2695
Total views : 3139268
Who's Online : 21