
སི་ཨེན་ཨེན།
སྤྱི་ཟླ་ ༡ པའི་ཚེས་ ༡༧ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་ཡོ་ ག་ཊར་རེཛ་གིས་ ས་གནས་ག་ཟའི་ དམག་འཁྲུག་དང་འབྲེལ་བའི་ དཀའ་ངལ་དེ་ སེལ་ཚུགས་པ་ཅིན་ འཛམ་གླིང་ཤར་དབུས་ཀྱི་ ས་ཁོངས་གཞན་ཚུ་ནང་ བྲེལ་ཟིང་ཚུ་ མར་ཉམས་འགྱོ་ནི་གི་ གོ་སྐབས་འདུག་ཟེར་གསུངས་ནུག།
ད་རེས་ ལེ་བ་ནཱོན་གྱི་སྐོར་ལས་ ཚ་གྱང་སྦོམ་ཡོད་རུང་ ལེ་བ་ནཱོན་ལུ་ ག་ཟ་བཟུམ་མའི་ གནས་སྟངས་ཀྱི་ འོས་འབབ་མེདཔ་ལས་ ལེ་བ་ནཱོན་གཞུང་དང་ ཡུ་ཨེཛ་ དེ་ལས་ སྡེ་ཚན་གཞན་ཚུ་གིས་ དེ་བཟུམ་མའི་ གནས་སྟངས་ལས་ ཟུར་ཐབས་ལུ་ བརྩོན་ཤུགས་ཚུ་ བསྐྱེད་ས་མཐོང་མས་ཟེར་ཨིན་པས།
དེ་ལས་ མི་སེར་བཙན་བཟུང་ཐོག་ལུ་ཡོད་མི་ཚུ་ དེ་འཕྲལ་ལས་ འཛིན་འགྲོལ་འབད་ནི་དང་ ག་ཟ་ལུ་ཡོད་མི་ མི་སེར་ཚུ་ལུ་ གྲོགས་རམ་ཚུ་ དོན་སྨིན་ཅན་སྦེ་ སྤྲོད་ཚུགསཔ་བཟོ་ནི་ དེ་ལས་ ལེ་བ་ནཱོན་ལུ་ དམག་འཁྲུག་མར་ཕབ་ཀྱི་ འགྲིགས་ཆ་ཚུ་ལུ་ ལྷན་ཐབས་ཀྱི་དོན་ལས་ དམག་འཁྲུག་མཚམས་འཇོག་འབད་དགོ་པའི་སྐོར་ལས་ཡང་ གསལ་བཤད་མཛད་ནུག།
གྲོས་འཛོམས་ཅིག་ནང་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ག་ཟའི་གནས་སྟངས་དེ་ མནོ་བསམ་ར་ བཏང་མ་ཚུགསཔ་ཅིག་ལུ་ འགྱུར་ཡོད་མི་དེ་ཡང་ ཉེས་པ་མེད་པའི་ ཨ་ལོ་དང་ ཨམ་སྲུ་ཚུ་གིས་གཙོས་པའི་ མི་སེར་ཚུ་ སྡུག་སྦྱོང་བཏང་སར་མཐོངམ་ད་ སེམས་ཀྱིས་བཟོད་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ ཨིཛ་རེལ་དང་ ག་ཟའི་དམག་འཁྲུག་ལུ་བརྟེན་ཏེ་ འཛམ་གླིང་ཤར་དབུས་ཀྱི་ རྒྱལ་ཁབ་ཚུ་ཡང་ སྡེ་ཚན་མ་འདྲཝ་ཚུ་ལུ་ འགྱུར་ནི་གི་ གོ་སྐབས་སྦོམ་ཡོདཔ་ད་ དེ་ཡང་ ཨ་རབ་རྒྱལ་ཁབ་ མང་སུ་ཅིག་གིས་ར་ ཨིཛ་རེལ་དང་གཅིག་ཁར་ མཐུན་ལམ་བཞག་ནི་གི་ འདུན་པ་འདུག་ཟེར་བཤད་ནུག།
དེ་འབདཝ་ད་ པེ་ལིཛ་ཊིན་གི་ རང་དབང་གི་དོན་ལས་ མདུན་ལམ་བརྫངས་ནི་གི་ ཁས་བླངས་ཡོད་མི་ རྒྱལ་ཁབ་ཚུ་དང་ བསམ་འཆར་ཅོག་འཐདཔ་ཡོད་མི་ རྒྱལ་ཁབ་གཞན་ཚུ་ཡོད་པའི་སྐོར་ལས་ཡང་ གསལ་བཤད་འབད་ཡི་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 135
Users Yesterday : 3814
This Month : 133552
This Year : 429518
Total Users : 1141334
Views Today : 158
Total views : 3149803
Who's Online : 8