ཨི་རཱན་གྱིས་ པ་ཀིཛ་ཏཱན་གྱི་ ས་མཚམས་ཁར་ མི་ཛ་ཡེལ་ཐོག་ལས་ གནོད་འཚུབ་བཀལ་མི་ལུ་ཉེན་བརྡ།

སི་ཨེན་ཨེན།
ཨི་རཱན་གྱིས་ པ་ཀིཛ་ཏཱན་གྱི་ ས་མཚམས་ཁར་ མཁའ་ཐོག་ལས་ གནོད་འཚུབ་བཀལ་ཏེ་ ཨ་ལོ་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ པ་ཀིཛ་ཏཱན་གྱིས་ ཁོང་གི་ཁྱབ་ཁོངས་ལུ་གཏོགས་པའི་ མཁའ་དབྱིངས་ལས་ གནོད་འཚུབ་བཀལ་མི་ལུ་ གདོང་ལན་འབད་ནི་ཨིན་པའི་ ཉེན་བརྡ་འབད་ནུག།
དེ་ཡང་ པ་ཀིཛ་ཏཱན་གྱི་ ལྷོ་ནུབ་མངའ་ཁོངས་ བ་ལུ་ཀིཛ་ཏཱན་ལུ་ཡོད་མི་ ཇ་ཡིཤ་ཨཱལ་དུ་ལུམ་ཟེར་མི་ སུ་ནི་མུཛ་ལིམ་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ཚུ་སྡོད་སའི་ས་ཁོངས་ཁག་ ༢ ཀྱི་ནང་ དཔག་ཚད་ནོར་འཁྲུལ་མེད་པའི་ མི་ཛ་ཡེལ་དང་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཚུ་བཏང་ཡོདཔ་སྦེ་ བཤདཔ་ཨིན་པས།
པ་ཀིཛ་ཏཱན་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ ཨི་རཱན་གྱིས་ པ་ཀིཛ་ཏཱན་གྱི་ ཁྱབ་ཁོངས་མཁའ་དབྱིངས་ནང་ ཧམ་འཛུལ་ཐོག་ལས་ གནོད་འཚུབས་བཀལ་ཏེ་ ཨ་ལོ་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ གདོང་ལེན་ཚབས་ཆེན་འབད་ནི་ཨིན་པའི་ ཉེན་བརྡ་འབད་ནུག།
རྒྱལ་ཁབ་ ༢ ཀྱི་བར་ན་ འབྲེལ་བ་འཐབ་ནི་གི་ ཐབས་ལམ་ལེ་ཤ་ཡོད་རུང་ གནད་དོན་དེ་གི་སྐོར་ལས་ ཨི་རཱན་གྱིས་ ཕན་ཚུན་འབྲེལ་བ་མ་འཐབ་པར་ པ་ཀིཛ་ཏཱན་གྱི་ མཁའ་དབྱིངས་ལས་ གནོད་འཚུབ་བཀལ་མི་དེ་ ཁྲིམས་འགལ་གྱི་ གནད་དོན་ཅིག་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཨི་རཱན་གྱིས་ གནོད་འཚུབ་བཀལ་བའི་ཤུལ་ལས་ རྡུལ་ཕྲན་མཚོན་ཆ་ཚུ་ཡོད་མི་ པ་ཀིཛ་ཏཱན་གྱིས་ ཨི་རཱན་གྱི་རྒྱལ་ས་ ཏེ་རཱན་ལུ་ ཕྱི་འབྲེལ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཅིག་ལུ་ གནོད་འཚུབ་དེ་དང་འབྲེལ་བའི་ གདོང་ལེན་ཚུ་གི་ འགན་འཁྲི་དེ་ ཐད་ཀར་དུ་ ཨི་རཱན་གྱིས་ར་ འབག་དགོ་པའི་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: