
སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ མི་རྗེ་བློན་ཆེན་མཆོག་ ཡིག་ཚང་ནང་ འགོ་དང་པ་ འཛུལ་ཞུགས་མཛདཔ་དང་འབྲེལ་ཏེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་གཅིག་ཁར་ ཞལ་འཛོམ་འགོ་དང་པ་ འཚོགས་གནང་ཐོག་ལས་ ལྷན་ཁག་ཚུ་ལུ་ ལག་ལེན་འཕྲལ་མགྱོགས་ཀྱི་དོན་ལས་ བཀོད་ཁྱབ་བཀའ་རྒྱ་ཚུ་ བཏོན་གནང་ནུག།
དེ་ཡང་ དང་པ་ར་ ཕུན་ཚོགས་གླིང་ལུ་ རྐང་འགྲུལཔ་འཐོན་འཛུལ་ས་ཁོངས་ནང་ མི་རེ་ལས་ དངུལ་ཀྲམ་ ༡༠ རེ་ བསྡུ་སྲོལ་ཡོད་མི་དེ་ དེ་འཕྲལ་ལས་ ཆ་མེད་བཏང་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་ གནང་ཡོདཔ་ཨིན་པས།
གཉིས་པ་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ གཞི་བཙུགས་འབད་དེ་ ཟླཝ་ ༡ གི་ ནང་འཁོད་ལུ་ ཞལ་འཛོམས་དང་པ་ འཚོགས་ཞིནམ་ལས་ གཞུང་ལུ་ སྙན་ཞུ་འབད་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་གནང་ནུག།
གསུམ་པ་ དངུལ་ཀྲམ་ཐེར་འབུམ་ ༡༥ གི་ དཔལ་འབྱོར་ལྷན་ཐབས་ཀྱི་ ལག་ལེན་འཆར་གཞི་ བརྩམ་ནིའི་དོན་ལས་ ཆེ་མཐོའི་གནས་རིམ་གྱི་ ལས་བྱེད་སྡེ་ཚན་ཅིག་ གཞི་བཙུགས་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ ལག་ལེན་འཆར་གཞི་དེ་ གཞུང་ལུ་ ཕུལ་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་ གནང་ཡོདཔ་ཨིན་པས།
བཞི་པ་ ཁག་འབག་ཐོག་གི་ ལས་གཡོགཔ་ཚུ་ གཏན་འཇགས་ལས་གཡོགཔ་ལུ་ བསྒྱུར་བཅོས་ཀྱི་དོན་ལས་ ཞིབ་འཇུག་འབད་མི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ ཟླཝ་ ༡ གི་ ནང་འཁོད་ལུ་ ཞིབ་འཇུག་སྙན་ཞུ་དེ་ ཕུལ་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་གནང་ནུག།
ལྔ་པ་ དངུལ་རྩིས་ལྷན་ཁག་ལུ་ ཅང་ཇི་ཇིའི་ གཞུང་གི་སྡོད་ཁྱིམ་ཚུ་ནང་ སྡོད་མི་ཚུ་གི་ གླར་སྤྱོད་ཆིངས་ཡིག་ བསྐྱར་བཟོ་འབད་ནི་དང་ འབབ་ཁུངས་ཆུང་རིགས་ཀྱི་དོན་ལས་ སྡོད་ཁྱིམ་ཁ་སྐོང་གི་ འཆར་གཞི་བརྩམ་སྟེ་ གནས་ཚད་དང་ སྙན་ཞུ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།.
དྲུག་པ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ སློབ་གྲྭ་ཚུ་གི་དོན་ལས་ རེས་གཟའ་ཉིམ་དེ་ ངལ་གསོ་སྦེ་ བཞག་ནི་གི་ འོས་འབབ་ཞིབ་འཇུག་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ གྲོས་འདེབས་ཕུལ་དགོ་པའི་ བཀོད་རྒྱ་གནང་ནུག།
བདུན་པ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ སློབ་དཔོན་ཚུ་གི་ རང་སོའི་ལཱ་གི་ འཆར་གཞི་དེ་ བསྐྱར་ཞིབ་འབད་དེ་ ཐབས་ལམ་མ་འདྲ་བའི་ གྲོས་འདེབས་ཚུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
བརྒྱད་པ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་ལུ་ སྒེར་སྡེ་ལུ་ བྱ་སྟབས་བདེ་ཏོག་ཏོ་གི་ ཚོང་ལས་སྒྲིག་གཞིའི་ བྱ་སྒོ་ཚུ་ བསྐྱར་ཞིབ་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ བསྐྱར་ཞིབ་སྙན་ཞུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ནུག།
དགུ་པ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་ལུ་ ཕྱི་ཁ་ལས་ ཐད་ཀར་དུ་ མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་བསྐྱར་ཞིབ་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ གྲོས་འདེབས་ཚུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
བཅུ་པ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་ལུ་ བལྟ་བཤལ་པའི་ ནང་བསྐྱོད་གྲངས་ཚད་ ཡར་སེང་གི་དོན་ལས་ ཡོངས་རྫོགས་ཅན་གྱི་ ལག་ལེན་འཆར་གཞི་ཅིག་ གོང་འཕེལ་བཏང་སྟེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ སྙན་ཞུ་ཕུལ་དགོ་པའི་ བཀོད་རྒྱ་གནང་ནུག།
བཅུ་གཅིག་པ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་ལྷན་ཁག་ལུ་ ལྷོ་མཚམས་ཀྱི་ ཁྲོམ་ཚུ་ནང་ བལྟ་བཤལ་གོང་འཕེལ་གྱི་དོན་ལས་ སྙན་ཞུ་དང་ གྲོས་འདེབས་ཅིག་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
བཅུ་གཉིས་པ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཐབས་བྱུས་ཅན་གྱི་ ས་ཁོངས་ཚུ་ནང་ གནམ་གྲུའི་ཐང་ ༥ བཟོ་བསྐྲུན་གྱི་དོན་ལས་ སྔ་གོང་འོས་འབབ་ཀྱི་ ཞིབ་འཇུག་འབད་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ སྙན་ཞུ་ཕུལ་དགོ་པའི་ བཀོད་རྒྱ་གནང་ནུག། .
བཅུ་གསུམ་པ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་ལུ་ སྐུ་ཚབ་ཡིག་ཚུ་ ལག་ལེན་འཐབ་སྟེ་ བལྟ་བཤལ་གོང་འཕེལ་གྱི་དོན་ལས་ ཡོངས་རྫོགས་ཅན་གྱི་ གྲོས་འདེབས་ཅིག་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡ གི་ ནང་འཁོད་ལུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
དེ་མ་ཚད་ མི་རྗེ་བློན་ཆེན་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ མཇལ་འཕྲད་མཛད་པའི་ཤུལ་ལས་ གསོ་བའི་ལྷན་ཁག་གི་ བློན་པོ་དང་ དྲུང་ཆེན་ དེ་ལས་ རྒྱལ་ཡོངས་སྨན་བཅོས་ཞབས་ཏོག་གི་ གཙོ་འཛིན་ཚུ་དང་ཡང་ མཇལ་འཕྲད་མཛད་ནུག།
དེ་བཟུམ་སྦེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཟིགས་སྐོར་གནང་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ ཞབས་ཏོག་ཚུ་ ཡིག་ཆེས་བརྟན་ཏོག་ཏོ་དང་ གནད་འགག་ཅན་གྱི་སྒོ་ལས་ སྤྲོད་ནི་ཡོདཔ་ ངེས་གཏན་བཟོ་ཐབས་ལུ་ གཙོ་བོར་བཟུང་ནི་དང་འབྲེལ་ འཛིན་སྐྱོང་དང་ ལས་གཡོགཔ་ཚུ་དང་གཅིག་ཁར་ཡང་ མཇལ་འཕྲལ་མཛད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ གསོ་བའི་བློན་པོ་ལུ་ སྨན་ཁང་གི་ ཞབས་ཏོག་ཚུ་ སྤུས་ཚད་ཅན་དང་ ཡིད་ཆེས་བརྟན་ཏོག་ཏོ་ཡོདཔ་ ངེས་གཏན་བཟོ་ནི་གི་ གྲོས་འདེབས་ཅིག་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༦ གི་ ནང་འཁོད་ལུ་ ཕུལ་དགོ་པའི་ བཀོད་རྒྱ་གནང་ཡོད་པའི་གནས་ཚུལ།






Users Today : 2665
Users Yesterday : 3216
This Month : 9486
This Year : 446479
Total Users : 1158296
Views Today : 3393
Total views : 3175750
Who's Online : 22