
བི་བི་སི།
པ་ཀིཛ་ཏཱན་གྱི་ བློན་ཆེན་བགྲེསཔ་ ཨིམ་རཱན་ཁཱན་དང་ གནས་ཚང་བུཤ་ར་བི་བི་ ༢ ལུ་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ར་ འཁྲུན་ཆོད་ལྷམ་པ་ ༢ བཏོན་གནང་པའི་ ནང་གསེས་ལས་ འཁྲུན་ཆོད་ ༢ པའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཁོང་བཟང་ཚང་ ༢ ལུ་ བཙོན་ཁྲིམས་ལོ་ངོ་ ༡༤ རེ་ ཕོག་ཡོདཔ་སྦེ་ཨིན་པས།
འཁྲུན་ཆོད་དེ་ཡང་ ཨིམ་རཱན་ཁཱན་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་ཡོད་མི་ རྒྱལ་ཁབ་ནང་ རྒྱལ་ཡོངས་བཙག་འཐུ་ འགོ་འདྲེན་འཐབ་ནི་གི་ དུས་ཚོད་ལས་ བདུན་ཕྲག་ ༡ གི་ སྔ་གོང་ལུ་གནང་ནུག།
ཨིམ་རཱན་ཁཱན་དེ་ སྤྱི་ལོ་ ༢༠༢༢ ལུ་ ལྡོག་ཕྱོགས་ཀྱིས་ བློན་ཆེན་གྱི་ གོ་གནས་ལས་ བཏོན་བཏང་ཡོདཔ་མ་ཚད་ ངན་ལྷད་ཀྱི་ ཉེས་པ་ལུ་བརྟེན་ཏེ་ ལོ་ངོ་ ༣ གྱི་ བཙོན་ཁྲིམས་ཡང་ ཕོག་ཡོདཔ་ད་ ཨིམ་རཱན་ཁཱན་གྱིས་ དེ་བཟུམ་མའི་ ཉེས་འཛུགས་འབད་མི་ གནད་དོན་ལེ་ཤ་ཅིག་ར་ སྲིད་དོན་དང་འབྲེལ་བའི་ ཉེས་འཛུགས་ཨིནམ་སྦེ་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ ཨིམ་རཱན་ཁཱན་དེ་ བློན་ཆེན་སྦེ་སྡོད་པའི་ དུས་ཡུན་ནང་ གཞུང་དོན་ལུ་ཐོབ་མི་ གསོལ་རས་དང་ ཁྱོམ་དེ་ཚུ་ ཨིམ་རཱན་ཁཱན་དང་ གནས་ཚང་ ༢ ཀྱིས་ བཙོང་ཡོད་པའི་སྐོར་ལས་ རྩོད་བཤེར་འབད་ཡོདཔ་ད་ སྤྱི་ཟླ་ ༡ པའི་ཚེས་ ༢༩ ལུ་ གཞུང་གི་གསང་བའི་ ཡིག་ཆས་ཚུ་ གཞན་ལུ་ཤོར་ཡོད་པའི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་བཀལ་ཡོདཔ་མ་ཚད་ རུ་པི་ཐེར་འབུམ་ ༡.༥ ཉེས་ཆད་བཏབ་དགོ་པའི་ འཁྲུན་ཆོད་ཡང་ བཏོན་གནང་ནུག།
པ་ཀིཛ་ཏཱན་གྱི་ ཏཱེ་རིག་ཨི་ཨིན་སཱཕ་ཟེར་མི་ ཨིམ་རཱན་ཁཱན་གྱི་ སྲིད་ཚོགས་དང་ ཁྲིམས་རྩོདཔ་གིས་ དེ་བཟུམ་མའི་ ཉེས་ཁྲིམས་སྨིན་མི་ལུ་བརྟེན་ཏེ་ ཨིམ་རཱན་ཁཱན་གྱིས་ མ་འོངས་ལོ་ངོ་ ༡༠ གྱི་རིང་ལུ་ མི་མང་གི་ ཡིག་ཚང་ནང་ ཕྱག་ཞུ་མ་ཆོག་པའི་ བཀག་ཆ་འབདཝ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1005
Users Yesterday : 3574
This Month : 11400
This Year : 448393
Total Users : 1160209
Views Today : 1189
Total views : 3179300
Who's Online : 18