
གནམ་ལོ་ཤིང་ཕོ་འབྲུག་ལོ་འདི་ མ་གཞི་ ལོ་བཟང་ཤོས་ཅིག་ཨིན་རུང་ དུས་ཅི་ ལོ་ནག་ཆུང་ཀུ་ཕོགཔ་ལས་ འབྲིང་ཅིག་ཨིནམ་ད་ སྤྱིར་བཏང་ལུ་ འབྲུག་ལོ་འདི་ཁར་ རྩི་ཤིང་དང་ ལོ་ཐོག་དེ་ཚུ་ ལེགས་ཤོམ་འོང་ནི་དང་ རླུང་དང་ མེའི་འཇིགས་པ་ཚུ་ དུས་གྲ་རེ་ འབྱུང་ནི་ཨིན་རུང་ ཆར་ཆུ་འཕེལ་ནི་དང་ རྩྭ་དང་ ཤིང་དེ་ཚུ་ ལེགས་ནི་ཨིན་པས།
ལོ་འདི་ནང་ སྤྱིར་ང་བཅས་རའི་མི་ལུ་ ན་ཚ་དུམ་གྲ་རེ་ འབྱུང་ནི་དང་ ཨ་ལོ་ཚུ་ལུ་ བདེ་ཏོག་ཏོ་ འོང་ནི་ཨིན་རུང་ ན་གཞོན་ཚུ་ལུ་ རྩུབ་དྲགས་འོང་ནི་ཨིན་པའི་ཁར་ ལྷག་པར་དུ་ཡང་ རྒན་ཤོས་ཚུ་ལུ་ རྩུབ་དྲགས་འོང་ནི་ཨིན་པས་ཟེར་ ཐིམ་ཕུ་ཕུ་ སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ སློབ་དཔོན་ཀརྨ་གིས་ བཤདཔ་ཨིན་པས།
དེ་ལས་ ལོ་འདི་ཁར་ འབྲུག་ལོ་ཚུ་ལུ་ ལོ་ཀག་དང་ བྱི་བ་དང་ སྤྲེལ་ ༢ ལུ་ མཐུན་གསུམ་ཕོག་ནི་དང་ ལོ་ཁྱི་འབད་མི་ཚུ་ལུ་ བདུན་ཟུར་ཕོགཔ་ཨིན་པས།
ད་རུང་ སློབ་དཔོན་ཀརྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་འདི་ཁར་ སེརཝ་དུ་གྲ་རེ་ རྐྱབ་ནི་ཨིན་རུང་ གནོད་པ་སྦོམ་ཅིག་ མི་འོང་ནི་ཨིན་པའི་ཁར་ སྒོ་ནོར་སེམས་ཅན་ཚུ་གི་ཐེད་ཁར་ཡང་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
འབྲུག་ལོ་འདི་ནང་ ལཱ་དང་ བྱ་བ་ཚུ་ ག་ཅི་རང་ཨིན་རུང་ རབ་སྐྱེས་ལོ་ ༡༤ འབད་མི་ སྐྱེས་པ་ལྕགས་ཡོས་ལོ་པ་དང་ འབྲིང་སྐྱེས་ལོ་ ༣༥ འབད་མི་ སྐྱེས་པ་ལྕགས་རྟ་ལོ་པ་ དེ་ལས་ ཐ་མ་སྐྱེས་ལོ་ ༥༩ འབད་མི་ སྐྱེས་པ་མེ་རྟ་ལོ་པ་ཚུ་གིས་སྦེ་ འགོ་བཙུགས་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་པའི་གནས་ཚུལ།





Users Today : 2507
Users Yesterday : 3468
This Month : 23149
This Year : 460142
Total Users : 1171958
Views Today : 3379
Total views : 3197830
Who's Online : 9