
གནམ་ལོ་ཤིང་འབྲུག་ཟླཝ་ ༡ པའི་ཚེས་ ༡ སྤྱི་ཟླ་ ༢ པའི་ཚེས་ ༡༠ ལུ་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ གལ་གནད་ཆེ་བའི་ དམིགས་བསལ་གྱི་ དུས་སྟོན་བརྩི་སྲུང་ཐོག་ལུ་ སྤུ་ན་ཁའི་ རྫོང་ནང་ཡོད་མི་ བྱིན་ལྡན་མ་ཆེན་ལྷ་ཁང་ནང་ལས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་གྱི་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ གཞི་བཙུགས་ཀྱི་དོན་ལུ་ བཀའ་ཁྲིམས་གདན་འདྲེན་ཞུ་གནང་ཡི།
མི་དབང་རྒྱལ་སྲས་མཆོག་གིས་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་གྱི་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ གཞི་བཙུགས་ཀྱི་ མཐར་འཁྱོལ་དང་འབྲུག་གི་མ་འོངས་པའི་ མཐའ་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་འགྲུབ་ཐབས་ལུ་ བཀའ་སྲུང་མ་དམ་ཅན་རྒྱ་མཚོ་ལས་ བྱིན་རླབས་དང་ གདོང་གྲོགས་ཞུ་ནིའི་དོན་ལས་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་ སྐུ་མདུན་ལུ་ མར་ཆང་ཡང་ ཕུལ་གནང་ནུག།
བཀའ་ཁྲིམས་དེ་ སྤུ་ན་ཁ་ རྫོང་ནང་ཡོད་མི་ བྱིན་ལྡན་མ་ཆེན་ལྷ་ཁང་ནང་ བཞུགས་སུ་གསོལ་ཏེ་ཡོད་ས་ལས་ མི་དབང་རྒྱལ་སྲས་མཆོག་གིས་ ཞུ་ཡོདཔ་ད་ དེ་ཡང་ སྔར་སྲོལ་བཞིན་དུ་ རྒྱལ་ཡོངས་ཀྱི་ གནད་འགག་ཆེ་བའི་ ལས་དོན་ཚུ་ལུ་ མ་ཆེན་ལྷ་ཁང་ནང་ལས་ བྱིན་རླབས་ཞུ་སྲོལ་ཡོད་མི་དང་འཁྲིལ་ཏེ་ཨིན་པས།
དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་དེ་ འབྲུག་གི་མ་འོངས་པའི་དོན་ལུ་ གཞི་བཙུགས་གནང་ནི་ཨིནམ་ལས་ དེ་གི་ངོས་ལེན་ལུ་ ལུང་ཕྱོགས་དེ་ནང་ལས་ ཨ་ལོ་ ༤༠༠ དེ་ཅིག་ཡང་ དུས་སྟོན་དེ་ནང་ གྲལ་གཏོགས་འབད་བར་ ཁྱིད་འོང་ནུག།
དུས་སྟོན་རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་བཞུགས་མཛད་གནང་པའི་ཁར་ གཞན་ཡང་ མི་རྗེ་བློན་ཆེན་དང་ བློན་པོ་ཚུ་གིས་གཙོས་པའི་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ད་ དུས་སྟོན་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་ཨིན་པས།
བཀའ་ཁྲིམས་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པའི་སྐབས་ལུ་ གསལ་བསྒྲགས་གནང་ཡོདཔ་བཞིན་དུ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཆེན་ཟེར་ མིང་གནས་འཛིན་ནི་ཨིན་མི་ དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ གཞི་བཙུགས་ཀྱི་ བརྡ་མཚོན་ལུ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1394150
Views Today :
Total views : 5000
Who's Online :