མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན།

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ འབྲུག་གི་ལྷ་མི་སྲིད་སྡེའི་ བསོད་ནམས་ཀྱི་ བགོ་སྐལ་ལུ་བྱོན་མི་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ དགུང་ལོ་ ༤༤ བཞེས་པའི་ འཁྲུངས་སྐར་དུས་སྟོན་ ཁྱད་པར་ཅན་འདི་ཁར་ མི་དབང་མངའ་ཞབས་མཆོག་གི་ མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་ བཀའ་དྲིན་རྗེས་དྲན་གྱི་དོན་ལུ་ ཆུ་ཐིག་ཙམ་ཅིག་ ཞུ་ནི་ཨིན།
དེ་ཡང་ སྤྱི་ལོ་ ༡༩༨༠ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་ ལྷ་སྲས་གཙང་མ་ལས་བརྒྱུད་པའི་ ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ ཞབས་དྲུང་གསུང་སྤྲུལ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་གི་ གདུང་བརྒྱུད་ལས་ མི་དབང་རྒྱལ་བཙུན་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གི་སྲས་ལུ་ སྐུ་འཁྲུངས་ནུག།
སྐུ་ཡོན་གསན་སྦྱངས།
མི་དབང་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ མི་སེར་སྤྱིར་བཏང་གི་ ཨ་ལོ་ཚུ་དང་ ཁྱད་པར་མེད་པའི་ དཀའ་སྤྱད་མཛད་དེ་ ཐིམ་ཕུ་ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མ་དང་ དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ སློབ་རིམ་ ༡༢ ཀྱི་རིང་ལུ་ ཕྱི་ནང་ ༢ ཀྱི་ སྐུ་ཡོན་ཚུ་ གསན་སྦྱངས་མཛད་ཡོདཔ་ཨིན་པས།
དེ་ལས་ ཨ་མི་རི་ཀ་ ཕི་ལིབཛ་གཙུག་ལག་སློབ་སྡེ་དང་ མ་ས་ཅུ་སེཊཛ་ལུ་ཡོད་མི་ ཀུ་ཤིང་དང་ ཝི་ཊཱོན་གཙུག་ལག་སློབ་སྡེ་ ཨོགཛ་ཕོརཊ་ གཙུག་ལག་སློབ་སྡེ་དང་ མེག་ཌ་ལེན་ མཐོ་རིམ་སློབ་གྲྭ་ཚུ་ལས་ མཐོ་རིམ་དང་ གཙུག་ལག་ཤེས་ཡོན་ཚུ་ རིམ་པ་བཞིན་དུ་སྦེ་ གསན་སྦྱངས་མཛད་གནང་ནུག།
ན་བཟའ་འབུ་རས་དམརཔོ།
དགུང་ལོ་ ༢༠ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ མི་དབང་ཡབ་རྗེ་དམ་པ་མཆོག་གིས་ བསམ་གཏན་གླིང་ཕོ་བྲང་ནང་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་སྲུང་མཛད་ཐོག་ལས་ མི་དབང་མཆོག་ལུ་ གཞུང་འབྲེལ་གྱི་གོ་གནས་ ན་བཟའ་འབུ་རས་དམརཔོ་གནང་སྟེ་ མི་དབང་ཡབ་རྗེ་དམ་པ་མཆོག་དང་ ཉིན་མཚན་བྲལ་བ་མེད་པར་ བཞུགས་ཐོག་ལུ་ ཆབ་སྲིད་འཛིན་སྐྱོང་སྤེལ་ ༣ དང་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་གསུམ་ཚུ་ལུ་ ཞུན་དག་ཡང་དག་ མཛད་གནང་ཡོདཔ་ཨིན་པས།
ཀྲོང་གསར་དཔོན་སློབ།
མི་དབང་མཆོག་ དགུང་ལོ་ ༢༤ སྤྱི་ལོ་ ༢༠༠༤ སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་ཡབ་རྗེ་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་སྦེ་ ཀྲོང་གསར་དཔོན་སློབ་ ཁྲི་རབས་ ༡༦ པ་སྦེ་ དར་མཛོད་སྣེ་ལྔའི་ བཀྲིས་ལེགས་དར་གནང་ནུག།
དེ་ལས་ ཆིབས་གྲལ་བཙར་ཏེ་ བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭའི་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ དབུ་བཞུགས་ཀྱིས་ གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་ སྐྱབས་རྗེ་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ ཕུལ་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཀྲོང་གསར་རྫོང་ནང་ཡང་ རྗེ་མཁན་ཁྲི་རབས་ ༦༧ པ་ སྐྱབས་རྗེ་ཉི་སྤྲུལ་འཕྲིན་ལས་ལྷུན་གྲུབ་མཆོག་ དབུ་བཞུགས་ཀྱིས་ ཆོས་རྩེ་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་ སྐྱབས་རྗེ་ཉི་སྤྲུལ་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་ནུག།
དེ་མ་ཚད་ ཐིམ་ཕུ་དང་ ཀྲོང་གསར་གཉིས་ཆ་རའི་ནང་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་སྣ་ཚོགས་དང་ བཟའ་འཐུང་ལོངས་སྤྱོད་ཀྱིས་ རྒྱལ་ཁབ་ཕྱི་ནང་གི་ སྐུ་མགྲོན་ཚུ་དང་ མི་སེར་ཚུ་ ཚིམས་ཤིང་ངོམས་པར་ མཛད་གནང་ཡོདཔ་ཨིན་པས།
འབྲུག་གི་རྒྱལ་རབས་ལྔ་པའི་ གསེར་ཁྲིར་མངའ་གསོལ།
སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ བཀྲ་ཤིས་གཡང་རྩེར་ བརྩི་སྲུང་མཛད་གནངམ་ད་ མི་དབང་ཡབ་རྗེ་དམ་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཀྲོང་གསར་དཔོན་སློབ་ མི་དབང་རྒྱལ་སྲས་མཆོག་ རྒྱལ་པོའི་གསེར་ཁྲིར་ བསྐོ་བཞག་གནང་སྟེ་ དགོངས་ཞུ་མཛད་ནི་ཨིན་པའི་སྐོར་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་དང་བསྟུན་ཏེ་ སྤྱི་ལོ་ ༢༠༠༦ ལུ་ བཀའ་ཤོག་གནང་ཐོག་ལས་ སྔོན་འགྲོའི་རྟེན་འབྲེལ་དང་བཅསཔ་སྦེ་ རྒྱལ་རབས་ལྔ་པའི་ གསེར་ཁྲིར་མངའ་གསོལ་མཛད་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་ལྔ་པའི་ ཁྲི་སྟོན་དངོས་གཞི་འདི་ ས་བྱི་ཟླཝ་ ༩ པའི་ཚེས་ ༣ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་ཉིན་མར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་རིན་པོ་ཆེའི་ མ་ཆེན་སྐུ་མདུན་ལས་ དར་མཛོད་སྣེ་ལྔ་ བཞེས་ཡོདཔ་ད་ དེ་ལས་ ཆིབས་གྲལ་བཙར་ཐོག་ལུ་ ཀུན་རྭའི་ནང་ གདན་འདྲེན་ཞུ་སྟེ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་ཤིང་རྒྱསཔ་སྦེ་ མཛད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་དང་ ཀུན་རྭའི་ནང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་པར་ མཛད་གནང་ཡོདཔ་ད་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ ༦ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཅང་གླིང་མའི་ཐང་ནང་ མི་སེར་ཚུ་དང་གཅིག་ཁར་ དགའ་སྟོན་རྟེན་འབྲེལ་ མཛད་ཐོག་ལས་ རྒྱལ་སྤྱིའི་སྐུ་མགྲོན་ཚུ་གིས་གཙོས་པའི་ མི་སེར་ཚུ་ གླུ་གར་དང་ རྩེད་རིགས་སྣ་ཚོགས་ཀྱིས་ ཚིམས་པར་མཛད་གནང་ནུག།
མི་སེར་གྱི་མཐའ་དོན།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་ཕེབས་ཞིནམ་ལས་ཚུར་ ཉིན་མཚན་མེད་པར་ མི་སེར་གྱི་ སྐྱིད་སྡུག་དང་ དཔལ་འབྱོར་ཡར་རྒྱས་ཀྱི་དོན་ལུ་ ཐུགས་བཞེད་གནང་པ་གིས་མ་ཚད་པར་ གྲོང་གཡུས་ཁག་སོ་སོར་ སྐུ་དངོས་སུ་ ཆིབས་བསྐྱོད་གནང་སྟེ་ མི་སེར་གྱི་ སྐྱིད་སྡུག་ཚུ་ གཟིགས་བཞིན་དུ་ མི་སེར་ཚུ་ལུ་ དཀའ་ངལ་རེ་ འཐོན་པའི་སྐབས་ལུ་ དེ་འཕྲལ་ལས་ སྐྱིད་སྡུག་འཐོབ་ཐབས་ལུ་ རྫོང་ཁག་སོ་སོར་ སྐྱིད་སྡུག་གི་ ཡིག་ཚང་ཚུ་ཡང་ གསར་བཙུགས་གནང་སྟེ་ མི་སེར་ཚུ་ བདེ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་བཞིན་དུ་ཡོདཔ་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོ།
སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྟོན་དང་བསྟུན་ཏེ་ བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭའི་ནང་སྦེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ རྒྱལ་རབས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ གསེར་གྱི་གླེགས་བམ་གུ་ གསེར་ཞུན་གྱི་ ཕྱག་རྟགས་བཟང་པོ་ བཀོད་གནང་སྟེ་ དམངས་གཙོའི་གཞི་འགྱམ་ ལེགས་ཤོམ་སྦེ་ གསར་བཙུགས་མཛད་གནང་ནུག།
རྒྱལ་བཙུན་བཀྲ་ཤིས་མངའ་གསོལ།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༣༡ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ གཟའ་སྐར་ག་ནི་བ་ ཕུན་སུམ་ཚོགས་པའི་ཉིན་མར་ ཨ་ཞེ་རྗེ་བཙུན་པདྨ་མཆོག་ ཆིབས་གྲལ་བཙར་ཐོག་ལས་ གདན་འདྲེན་ཞུ་སྟེ་ སྤུ་ན་རྫོང་གི་ རྡོ་གཅལ་ནང་ ཞབས་དྲུང་ཕུན་སུམ་ཚོགས་པའི་ མཐོང་གྲོལ་གྱི་ སྐུ་མདུན་ལུ་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མཇལ་ཕྲད་མཛད་དེ་ ཁྲུས་གསོལ་དང་ མར་ཆང་གི་ རྟེན་འབྲེལ་ཚུ་ མཛད་གནང་ནུག།
དེ་ལས་ ཞབས་དྲུང་མ་ཆེན་གྱི་སྒོ་ཁར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཨ་ཞེ་རྗེ་བཙུན་པདྨ་མཆོག་ལུ་ བཀྲ་ཤིས་ཁ་དར་སྣེ་ལྔ་ བཏགས་གནང་པའི་ཤུལ་ལས་ ཀུན་རྭའི་ནང་ གདན་འདྲེན་ཞུ་སྟེ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ རིམ་པ་བཞིན་དུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ རྟེན་འབྲེལ་ཕུན་སུམ་ཚོགས་པ་ མཛད་གནང་ཡོདཔ་ཨིན་པས།
དེ་ཚེ་ སྤུ་ན་ཁ་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་དང་ བཟའ་འཐུང་ལོངས་སྤྱོད་ཀྱིས་ ཚིམས་པར་མཛད་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ སྤུ་ན་ཁ་ལས་ ཐིམ་ཕུ་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ མི་སེར་དང་ ཐིམ་ཕུའི་སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ བྱོན་ལམ་གཡས་གཡོན་ལས་ བཀྲ་ཤིས་ཁ་དར་དང་ མེ་ཏོག་སྣ་ཚོགས་ཀྱི་ མཆོད་པ་ཕུལ་ཏེ་ ཕེབས་བསུ་ཞུཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ སེམས་རྟོགས་ཁ་ལས་ ཞབས་ཐངས་སྦེ་བྱོན་ཏེ་ མི་སེར་རེ་རེ་བཞིན་དུ་དང་ མཇལ་ཕྲད་མཛད་གནང་ནུག།
སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭའི་ནང་ གདན་འདྲེན་ཞུ་ཐོག་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་ དེ་ལས་ ཅང་གླིང་མའི་ཐང་ནང་ མི་སེར་ཚུ་དང་གཅིག་ཁར་ དགའ་སྟོན་རྟེན་འབྲེལ་མཛད་དེ་ རྒྱལ་སྤྱིའི་སྐུ་མགྲོན་ཚུ་གིས་གཙོས་པའི་ མི་སེར་ཚུ་ག་ར་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་སྣ་ཚོགས་ཀྱིས་ ཚིམས་པར་མཛད་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་སྤྱི་དང་མཐུན་འབྲེལ།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མཛའ་བཤེས་རྒྱལ་ཁབ་ རྒྱ་གར་གྱིས་གཙོས་པའི་ མཐུན་འབྲེལ་ཅན་གྱི་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཆིབས་བསྐྱོད་གནང་སྟེ་ སྔར་ཡོད་མཐུན་ལམ་ རྒྱ་བསྐྱེད་དང་ དམ་ཟབ་སྦེ་ བཟོ་གནང་པའི་ཁར་ སྔར་མེད་མཐུན་འབྲེལ་ཚུ་ཡང་ གསར་བཏོད་མཛད་བཞིན་དུ་ སྐོབས་ཚུད་ཀྱི་ འབྲུག་རྒྱལ་ཁབ་ཆུང་ཀུ་འདི་ འཛམ་གླིང་ནང་ ཡོངས་གྲགས་ཅན་ཅིག་ལུ་ གནས་ཏེ་ཡོདཔ་ཨིནམ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
འབྲུག་མི་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་བྱོན་མི་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྨན་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་ སྐྱིད་སྡུག་གཟིགས་བཞིན་དུ་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་པའི་ བཀྲ་ཤིས་སྨོན་ལམ་ ཞུཝ་ཨིན་ལགས།

Please follow and like us: