བང་ལ་དེཤ་གི་རྒྱལ་ས་ ཌ་ཀའི་སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༤༣ དེ་ཅིག་ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༢༩ ལུ་ ཕྱི་རོའི་ཆུ་ཚོད་ ༨ དེ་ཅིག་ཁར་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཁྱིམ་ཐོག་ལེ་ཤ་འབད་མི་ སྒྲིང་ཁྱིམ་ཅིག་ལུ་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༤༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཨིན་རུང་ མི་གྲངས་ ༧༥ དེ་ཅིག་ སྲོག་སྐྱབས་འབད་བའི་ཁར་ ལེ་ཤ་ཅིག་ཡང་ སྨན་ཁང་ནང་ བསྐྱལ་ཡོདཔ་ད་ མེ་རྐྱེན་དེ་ དུས་ཡུན་ཆུ་ཚོད་ ༢ དེ་ཅིག་གི་ ནང་འཁོད་ལུ་ ཚད་འཛིན་འབད་ཚུགས་ནུག།
བང་ལ་དེཤ་ གསོ་བའི་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་དང་ ཨ་ལོ་ཚུ་བརྩིས་ཏེ་ མི་གྲངས་ ༣༣ པོ་དེ་ ཌ་ཀ་གསོ་རིག་མཐོ་རིམ་སློབ་གྲྭའི་སྨན་ཁང་ནང་ གྱོངས་སོང་ཡི་ཟེར་ཨིནམ་ད་ དེ་ལས་ མི་གྲངས་ ༡༠ པོ་དེ་ ཁྲོམ་སྡེའི་སྨན་ཁང་ནང་ གྱོངས་ཡོདཔ་མ་ཚད་ ད་རུང་ ནདཔ་ ༢༢ དེ་ཅིག་ཡང་ གནས་སྟངས་འཚུབ་དྲགས་སྦེ་ཡོད་ཟེར་ཨིན་པས།
མེ་རྐྱེན་དེ་ ཐོག་ཚད་ ༧ པའི་ནང་ཡོད་མི་ ཀ་ཅི་བཱའི་ཟེར་མི་ བཟའ་ཁང་ནང་ལས་ བྱུང་ཡོདཔ་ད་ དེ་ཡང་ མེ་རླུང་རྒྱ་རྫས་དང་ མེ་ཐབ་གང་རུང་ཅིག་གི་ནང་ལས་ འབར་ཡོདཔ་སྦེ་བཀོད་ནུག།
དེ་ལས་ གཞན་ཡང་ བཟའ་ཁང་དང་ གོ་ལའི་ཚོང་ཁང་ འགྲུལ་འཕྲིན་ཚོང་ཁང་ལ་སོགས་པ་ཚུ་ ལེ་ཤ་ཅིག་ཡོད་མི་ སྒྲིང་ཁྱིམ་དེ་ནང་ ག་ནི་བ་ ཉེན་ཁ་ཆེ་བའི་ མེ་རླུང་རྒྱ་རྫས་ཚུ་ ཁྱིག་ཐོག་རེ་རེ་བཞིན་དུའི་ནང་ཡོདཔ་མ་ཚད་ ཐ་ན་ ཨེ་ཁུག་གུ་ལས་ཕར་ཡང་ རྒྱ་རྫས་ཚུ་འདུག་ཟེར་ བང་ལ་དེཤ་གི་ མེ་བསད་ཞབས་ཏོག་དང་ སྲུང་སྐྱོབ་སྡེ་ཚན་གྱི་ ཡོངས་ཁྱབ་མདོ་འཛིན་ མ་ཡིན་ཨུ་དིན་གྱིས་ བཤད་ཡོདཔ་ཨིན་པས།
བང་ལ་དེཤ་ལུ་ སྡོད་ཁྱིམ་དང་ ཚོང་འབྲེལ་ལས་སྡེའི་ སྒྲིང་ཁྱིམ་ཚུ་ལུ་ དེ་བཟུམ་མའི་ མེ་རྐྱེན་བྱུང་མི་དེ་ རང་བཞིན་བཟུམ་ཅིག་ལུ་ ཡོངས་གྲགས་ཐལ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: