
སྤྱི་ཟླ་ ༢ པའི་ཚེས་ ༢༤ ལུ་ དབང་འདུས་ཕོ་བྲང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ནོར་ཨར་རྐུན་འབད་དེ་ དམར་བསད་འབད་བའི་ དོགས་པ་ཡོད་མི་ ཕོ་སྐྱེས་ ༤ འཛིན་བཟུང་འབད་ནུག།
དེ་ཡང་ དུས་ཅི་ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་ སྤྱི་ཟླ་ ༢ པའི་ཚེས་ ༢༢ ཚུན་གྱི་ ནང་འཁོད་ལུ་ སྒོ་ནོར་ ༩ བྱང་ཡོད་པའི་སྐོར་ལས་ རྒྱལ་གཞུང་འགག་སྡེ་ལུ་ སྙན་ཞུ་ཐོབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་ཚུ་ཡང་ བཀྲིས་སྒང་ མེ་རག་དང་ སག་སྟེང་ལས་ སྐྱེས་ལོ་ ༢༠ ལས་ ༣༠ གི་བར་ན་འབད་མི་ སོ་ནམ་པ་ ༤ ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ དབང་འདུས་ཕོ་བྲང་ རྫོ་ཁག་གི་ རྒེད་འོག་ཚུ་ལས་ ནོར་ ༩ ཨར་རྐུན་ཐོག་ལུ་ དམར་བསད་དེ་ ཤ་སྦེ་བཙོང་ནུག་ཟེར་ཨིན་པས།
དེ་སྦེ་ རྒྱལ་གཞུང་འགག་སྡེ་གིས་ འཛིན་བཟུང་བའི་ཤུལ་ལས་ དབྱེ་ཞིབ་འབད་བའི་སྐབས་ལུ་ ཁོང་ཆ་ཁྱབ་ཀྱིས་ གཡག་ ༡ དང་ གླང་ ༤ བསད་ཡོདཔ་སྦེ་ ཁ་བཟེད་ཡོད་རུང་ གནད་དོན་གཞན་མིའི་ནང་ གྲལ་གཏོགས་མེདཔ་སྦེ་སླབ་ནུག།
དབང་འདུས་རྫོང་ཁག་ སྲས་ཕུག་རྒེད་འོག་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ སྙ་ཞུ་འགོ་དང་པ་ལྷོད་མིའི་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ནགས་ཚལ་ཅིག་ནང་ གཡག་ ༢ དམར་བསད་འབད་དེ་ མགུ་ཏོག་ ༢ དང་ ནང་ཁྲོལ་ཚུ་ བཏོན་བཞག་ཞིནམ་ལས་ ཤ་དེ་ཚུ་ག་ར་ འབག་ཡར་སོང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀ་གཞི་རྒེད་འོག་ལས་ཡང་ སྒོ་ནོར་བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་མ་ཚད་ སྦྱེད་ནག་རྒེད་འོག་ལས་ཡང་ སྒོ་ནོར་ ༦ བྱང་ཡོད་པའི་ སྙན་ཞུ་ཐོབ་པའི་ཤུས་ལས་ རྒྱལ་གཞུང་འགག་སྡེ་གིས་ ཕོ་སྐྱེས་ ༤ པོ་དེ་ ཁྲིམས་འགལ་འབད་སའི་ ས་ཁོངས་ནང་ལས་ འཛིན་བཟུང་འབད་ནུག།
རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྒོ་ནོར་ཚུ་ ཨརཝ་བརྐུ་སྟེ་ དམར་བསད་འབད་བའི་ཤུལ་ལུ་ ཤ་སྐམ་ཞིནམ་ལས་ ཐིམ་ཕུའི་ཚོང་ཁང་ཚུ་དང་ མི་སྡེ་བརྡ་བརྒྱུད་ཐོག་ལས་ བཙོང་ནུག་ཟེར་ཨིན་པས།
དེ་མ་ཚད་ དབང་འདུས་ཕོ་བྲང་ ཆུ་འཛོམས་ས་ལས་ ཀྲོང་གསར་ཁ་ཐུག་ལུ་ ཀོ་ལོ་མི་ཊར་ ༡༠ དེ་ཅིག་གི་ ས་ཁོངས་ནང་ལས རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ ནོར་ཤ་སྐམ་ ཀེ་ཇི་ ༥༥ དེ་ཅིག་དང་ ཚོང་འབྲེལ་འཐབ་མ་ཚུགས་ཡོད་མི་ གཡག་ ༡ གི་ཤ་ཡང་ ཐོབ་ཡོད་པའི་གནས་ཚུལ།





Users Today : 210
Users Yesterday : 3263
This Month : 13868
This Year : 450861
Total Users : 1162677
Views Today : 224
Total views : 3182449
Who's Online : 15