
རོའི་ཊརཛ།
རྒྱ་ནག་ལུ་ ལྷག་རྩོམ་འདྲ་བཤུས་ཀྱི་ ལཱ་འབད་མི་ ངོམ་ཅ་ཡེ་ཝེན་རུ་དེ་ ད་རེས་ནངས་པར་ རྒྱ་ནག་ལུ་ རྨགཔ་དང་ ཨ་ལོ་མེད་པར་ མོ་རྐྱང་གི་ མི་ཚེ་འབྱིད་ནི་ལུ་གདམ་ཁ་རྐྱབ་མི་ཅིག་ཨིནམ་ད་ དེ་ཡང་ ཨམ་སྲུ་མཐར་འཁྱོལ་ཅན་ཡོད་རུང་མེད་རུང་ རང་སོའི་ཁྱིམ་ནང་ བཟའ་ཚང་སྐྱོང་བཞག་གི་དོན་ལས་ རང་དོན་རྒྱབ་ཁར་བསྐྱུར་ཏེ་ ལཱ་འབད་དགོ་མི་དེ་ ཨམ་སྲུ་ར་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ན་ཧིང་ རྒྱ་ནག་གི་སྲིད་འཛིན་ ཟི་ཇིན་པིང་གིས་ རྒྱ་ནག་གི་མི་རློབས་ མར་བབས་སོང་ཡོདཔ་ལས་ གཉེན་སྦྱོར་དང་ ཨ་ལོ་འཚོ་སྐྱོང་གི་ ལམ་ལུགས་ལུ་ གཙོ་བོར་བཏོན་དགོཔ་ཡོད་ཟེར་ བཤད་ཡོདཔ་མ་ཚད་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཡང་གིས་ཡང་ རྒྱལ་ཁབ་ནང་ བྱ་སྟབས་བདེ་ཏོག་ཏོ་གི་ སྐྱེས་རྒྱུན་དང་ ཨ་ལོའི་སྐྱོང་བཞག་གི་ ཞབས་ཏོག་ཚུ་ སྒྲིང་སྒྲིང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིནམ་སྦེ་ གཞུང་འབྲེལ་སྙན་ཞུའི་ནང་བཀོད་ནུག།
ཨིན་རུང་ རྨགཔ་མེད་པའི་ ཨ་ལོའི་ཕམ་ཚུ་ མིང་གཏམ་ཞན་པའི་གྲངས་སུ་ བརྩི་ནི་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མེད་པའི་དཀའ་ངལ་ དེ་ལས་ དཔལ་འབྱོར་གྱི་གནས་ཚད་ མར་ཉམས་འགྱོ་མི་ཚུ་ལུ་བརྟེན་ཏེ་ ཤེས་ཡོན་ཅན་གྱི་ ཨམ་སྲུ་མང་སུ་ཅིག་གིས་ར་ རང་རྐྱང་སྦེ་ མི་ཚེ་འབྱིད་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ ལུ་ རྒྱ་ནག་རྒྱལ་ནང་ སྐྱེས་ལོ་ ༡༥ ཡན་ཆད་ཀྱི་ ཕོ་རྐྱང་མོ་རྐྱང་སྦེ་སྡོད་མི་ མི་གྲངས་ས་ཡ་ ༢༣༩ ལུ་ ཡར་སེང་འགྱོ་མི་ལས་ གཉེན་སྦྱོར་གྱི་ མནོ་བསམ་མེད་མི་ ཨམ་སྲུ་བརྒྱ་ཆ་ ༤༤ ལུ་ལྷོད་ནུག།
མ་གཞི་ རྒྱ་ནག་ལུ་ གཉེན་སྦྱོར་འབད་ནི་དེ་ ན་ལོན་གྱི་ འགན་ཁུར་བཟུམ་ཅིག་སྦེ་ བརྩི་སྲོལ་ཡོདཔ་ད་ ད་ཚུན་གྱི་བར་ན་ གཉེན་སྦྱོར་རྩ་ལས་མ་འབད་མི་ ན་ལོན་གྱི་ ཚད་གཞི་དེ་ དམའ་སུ་ཅིག་སྦེ་ གནས་ཡོད་རུང་ ད་རེས་ནངས་པར་ ཨམ་སྲུ་མང་སུ་ཅིག་གིས་ར་ གཉེན་སྦྱོར་འབད་ནི་དེ་ ཕར་ཕུད་རྐྱབ་སྟེ་ བཞག་དོ་ཡོདཔ་ཨིན་པས།
རྒྱ་ནག་གི་ མི་རྩིས་གནད་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༡༠ ལུ་ གཉེན་སྦྱོར་དང་པའི་ སྐྱེས་ལོ་དེ་ དཔྱ་སྙོམས་ ༢༤.༨༩ འབད་ས་ལས་ སྤྱི་ལོ་ ༢༠༢༠ ལུ་ སྐྱེས་ལོ་ ༢༨.༦༧ ལུ་ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392169
Views Today :
Total views : 5000
Who's Online :