
སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ ཇར་མེ་ནིའི་ སྤྱི་ཚོགས་ཀྱི་འཐུས་མི་ ཨམ་རེ་ནེཊ་ཀུ་ནཱཛ་གིས་ འགོ་ཁྲིད་ཐོག་ལུ་ འཐུས་མི་ ༧ འབད་མི་ སྡེ་ཚན་ཅིག་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ མི་རྗེ་ཚོགས་དཔོན་ ལུང་བསྟན་རྡོ་རྗེའི་ སྐུ་མདུན་ལུ་བཅར་ནུག།
མི་རྗེ་ཚོགས་དཔོན་གྱིས་ འཐུས་མི་སྡེ་ཚན་དེ་ལུ་ བྱོན་ལེགས་དང་གཅིག་ཁར་ ད་རེས་ དེ་བཟུམ་མའི་ འཐུས་མི་སྡེ་ཚན་ འབྲུག་ལུ་ གཟིགས་སྐོར་གནང་པར་ བྱོན་མི་འདི་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་གོང་དུ་འཕེལ་བའི་ རྟགས་མཚན་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་ཚོགས་དཔོན་གྱིས་ འབྲུག་ལུ་ སྤྱི་ལོ་ ༡༩༥༣ ལས་ཚུར་ར་ རྒྱལ་རབས་ཅན་གྱི་ དམངས་གཙོའི་རིང་ལུགས་ འགོ་བཙུགས་ཡོད་པའི་སྐོར་ལས་ དྭངས་གསལ་སྦེ་ གསུངས་པའི་གུ་ མི་དབང་མངའ་བདག་རིམ་བྱོན་ཚུ་གིས་ཡང་ དབང་ཚད་ཕྱིར་སྤེལ་ འགོ་བཙུགས་གནང་པ་ལུ་བརྟེན་ཏེ་ དམངས་གཙོའི་རིང་ལུགས་ གཞི་སྒྱུར་གྱི་བྱ་སྒོ་ལུ་ ཕན་ཐོགས་ཆེ་བའི་སྐོར་ལས་ཡང་གསུངས་ནུག།
ཇར་མ་ནི་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་འགོ་ཁྲིདཔ་ ཨམ་རེ་ནེཊ་ཀུ་ནཱཛ་གིས་ འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ བྱ་སྒོ་དེ་ ག་ནི་བ་ཡང་ གོ་རིམ་དང་ལྡན་ཏོག་ཏོ་ཡོད་མི་ལུ་ ངལ་རངས་ཡོད་ལུགས་དང་ རྒྱལ་ཁམས་ཀྱི་ དཔེ་ཚད་རུང་བའི་ ཁྱད་ཆོས་ཅན་གྱི་ དམངས་གཙོའི་རིང་ལུགས་ ཆ་འཇོག་མཛད་གནང་མི་ལུ་ ཕུགས་གཟིགས་ཅན་གྱི་ མི་དབང་མངའ་བདག་རྒྱལཔོ་ཚུ་ལུ་ཡང་ བསྔགས་བརྗོད་ཕུལ་ཡོདཔ་ཨིན་པས།
ཇར་མན་ལྷོ་ཨེ་ཤི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་སྡེ་ཚན་དང་ འབྲུག་གི་ཚོགས་དཔོན་གྱི་བར་ན་ ཞལ་འཛོམས་སྐབས་ལུ་ ནུས་རྩལ་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ དོན་གཅོད་གོང་འཕེལ་བཏང་ནི་དང་ རྒྱལ་སྤྱི་མཉམ་འབྲེལ་དང་ མཐུན་ལམ་གྱི་ དམིགས་དོན་ཚུ་ལུ་ཡང་ གཙོ་བོར་བཟུང་ནུག།
འབྲུག་དང་ ཇར་མ་ནི་ རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ལོ་ ༡༩༨༠ གྱ་གྲངས་ལས་ར་ མཉམ་འབྲེལ་ཚུ་ འཐབ་ཡོད་པའི་ཁར་ སྐུ་ཚབ་ཀྱི་ཐེད་ཁར་ ངག་ཐོག་དྲན་བརྡའི་སྒོ་ལས་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ གཞི་བཙུགས་གནང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1393330
Views Today :
Total views : 5000
Who's Online :