མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་ལུ་ གཟིགས་སྐོར་གནང་མི་དང་འབྲེལ་བའི་ མཉམ་འབྲེལ་གསལ་བསྒྲགས།

རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མགྲོན་བརྡ་གནངམ་བཞིན་དུ་ འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ཨམ་བཀྲིས་སྒྲོལ་མ་ ༢ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལས་ ༡༨ ཚུན་ རྒྱ་གར་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཡིག་ཚང་གི་གནས་ཡུན་ འགོ་བཙུགས་ཞིནམ་ལས་ཚུར་ ཕྱི་རྒྱལ་ལུ་ བྱོན་མི་དེ་ འགོ་དང་པ་ཨིན་པས།
ད་རེས་ མི་རྗེ་བློན་ཆེན་གྱི་ ཕྱག་ཞུ་སྟེ་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་དང་ ནུས་ཤུགས་དང་ རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་བྱོན་ནུག།
མི་རྗེ་བློན་ཆེན་གྱིས་ རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་དི་ མུར་མུ་གི་ སྐུ་མདུན་ལུ་ བཅར་བའི་སྐབས་དང་ བློན་ཆེན་ན་རེན་ད་ར་ མོ་དི་དང་གཅིག་ཁར་ མཇལ་ཕྲད་ཐོག་ལས་ ཟུང་ཕྱོགས་མཉམ་འབྲེལ་དང་ ལུང་ཕྱོགས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་མ་ཚད་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ཨེཛ་ ཇའི་ཤང་ཀར་དང་ ནུས་ཤུགས་བློན་པོ་ ཨར་ཀེ་སིང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་ ཨ་ཇིཏ་དོ་བཱལ་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
བློན་ཆེན་ ༢ ཀྱིས་ རྒྱ་འབྲུག་གི་ མཐུན་ལམ་འདི་ ལུང་ཕྱོགས་ནང་ དཔའ་ཉམས་ཅན་གྱི་ གཞི་ཅིག་ཨིནམ་ད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པ་དང་ ༡༡ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱ་གར་ལུ་ ཆིབས་བསྐྱོད་གནང་མི་དེ་ཡང་ སེམས་ཁར་དྲན་ཐོག་ལས་ ཡུན་རིང་གི་བར་ན་ གནས་ཏེ་ཡོད་མི་ རྒྱ་འབྲུག་གི་ མཐུན་འབྲེལ་འདི་ ཁྱད་དུ་འཕགས་པའི་ ཚད་གཞི་ཁར་ བཙན་ཐབས་འབད་ནི་ལུ་ ཞལ་བཞེས་མཛད་ནུག།
དེ་མ་ཚད་ བློན་ཆེན་མོ་དི་གིས་ འབྲུག་གི་ཁ་ཐུག་ལས་ ལོ་ལྔའི་འཆར་གཞི་ ༡༢ པ་དེ་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་མི་ལུ་ བཀྲིས་བདེ་ལེགས་ཡོད་ལུགས་ གསུངས་པའི་ལན་ལུ་ འབྲུག་གི་བློན་ཆེན་གྱིས་ འཆར་གཞི་ ༡༢ པའི་དོན་ལས་ རྒྱ་གར་གཞུང་གིས་ རུ་པི་བྱེ་བ་ ༥,༠༠༠ གོང་འཕེལ་གྲོགས་རམ་སྦེ་ གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
རྒྱ་གར་གྱི་ བློན་ཆེན་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་ཀྱི་དགོངས་བཞེད་ལྟར་དུ་ འབྲུག་རྒྱལ་ཁབ་འདི་ འབབ་ཁུངས་མཐོ་དྲགས་ཡོད་པའི་ རྒྱལ་ཁབ་ཅིག་ལུ་ བསྒྱུར་ནི་གི་ རེ་འདུན་འགྲུབ་ཐབས་ལུ་ མཉམ་འབྲེལ་འབད་ནི་ཨིན་པའི་གུ་ འཆར་གཞི་ ༡༣ པའི་ནང་ གཞི་རྟེན་མཁོ་ཆས་དང་ འཁོར་ལམ་དང་ རེ་ལིའི་ལམ་ མཁའ་འགྲུལ་དང་ ཨང་གནས་ཡོངས་འབྲེལ་དང་ སོ་ནམ་དང་ གསོ་བ་ ཤེས་རིག་ དེ་ལས་ རིག་རྩལ་གོང་འཕེལ་དང་ ལམ་སྲོལ་ཉམས་སྲུང་ཚུ་གི་ནང་ཡང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཚུ་ ཡར་སེང་འབད་ནི་ཨིནམ་སྦེ་གསུངས་ནུག།
བློན་ཆེན་མོ་དི་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ དགོངས་བཞེད་ལུ་ ངལ་རངས་ཡོད་ལུགས་དང་ ཁྲོམ་ཚོགས་དེ་ལུ་བརྟེན་ཏེ་ འབྲུག་གི་ལུང་ཕྱོགས་དེ་ནང་ དཔལ་འབྱོར་དང་ མ་རྩ་གཞི་བཙུགས་ཀྱི་ མཐུད་འབྲེལ་ཚུ་ ཡུན་བརྟན་ཅན་སྦེ་འབྱུང་པའི་ རེ་བ་ཡོད་ཟེར་ཨིན་པས།
མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱ་གར་གཞུང་གི་ཁ་ཐུག་ལས་ འབྲུག་གི་དཔལ་འབྱོར་གོང་འཕེལ་ལུ་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་ གནང་མི་ལུ་ འབྲུག་གཞུང་དང་ མི་སེར་གྱི་ཧོངས་ལས་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་གསུངས་ནུག།
བློན་ཆེན་ ༢ ཀྱི་བར་ན་ གློག་མེ་མཉམ་འབྲེལ་གྱི་སྐོར་ལས་ གསུང་གྲོས་གནངམ་ད་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ གློག་མེ་ལས་འགུལ་ཚུ་གི་ ཡར་རྒྱས་གོང་འཕེལ་ལུ་ ངེས་ཤེས་འདྲོངས་ཡོད་ལུགས་ཚུ་ གསུངས་པའི་ཁར་ ཉིན་དྲོད་གློག་མེ་དང་ རླུང་བརྟེན་གློག་མེ་ཚུ་བཟུམ་མའི་ ཆུ་ལུ་བརྟེན་མ་དགོ་པའི་ སླར་འབྱུང་ནུས་ཤུགས་ གོང་འཕེལ་གཏང་ནི་ཚུ་གི་ནང་ཡང་ མཉམ་འབྲེལ་འབད་ནི་ཨིན་པའི་ གསུང་གྲོས་ཚུ་ བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ཞབས་ཏོག་ལས་རིམ་ རྒྱལ་སྲུང་གི་དོན་ལུ་ རྒྱ་གར་གཞུང་ལས་ སྐྱེད་ཆུང་སྐྱིན་འགྲུལ་ རུ་པི་བྱེ་བ་ ༡,༥༠༠ གི་དོན་ལས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་ མཁའ་དབྱིངས་འཕྲུལ་རིག་དང་འབྲེལ་བའི་ རྒྱ་འབྲུག་ ༢ ཀྱི་ མཉམ་འབྲེལ་ལུ་ཡང་ ངལ་རངས་ཡོད་ལུགས་ཚུ་གསུངས་ནུག།
རྒྱལ་ཁབ་གཉིས་ཆ་རའི་ ཁ་ཐུག་ལས་ ནུབ་བེང་གཱལ་གྱི་ས་གནས་ བ་ནར་ཧཱཏ་ལས་ བསམ་རྩེ་དང་ ཀོག་ར་ཇར་གྱི་བར་ན་ རེ་ལི་ལམ་ ༢ ཀྱི་ གོང་འཕེལ་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ད་ བྱང་ཤར་རེ་ལི་ལས་ཚན་གྱིས་ འབྲུག་གི་ཁོངས་གཏོགས་འབད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ ད་རེས་ མཐའ་བཅད་ས་ཁོངས་ བརྟག་དཔྱད་ཚུ་ ལག་ལེན་འཐབ་དོ་ཡོད་པའི་གུ་ བློན་ཆེན་ ༢ ཀྱིས་ རྒྱ་གར་གྱི་ སློབ་དཔོན་ཚུ་གིས་ འབྲུག་གི་ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ རྩིས་རིག་ཚུ་ནང་ བཙན་ཐབས་བྱུང་ཡོད་མི་ལུ་ཡང་ ཡི་རངས་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བློན་ཆེན་དང་ ཕྱག་ཞུ་མི་ཚུ་ལུ་ ཡིད་དྭངས་བའི་སྒོ་ལས་ ཕེབས་བསུ་ཞུ་མི་ལུ་ བཀྲིན་ཆེ་ལུགས་དང་ ད་ལས་ཕར་ཡང་ རྒྱ་འབྲུག་གི་ མཐུན་ལམ་འདི་ སྔར་བ་ལྷགཔ་སྦེ་ བཙན་ཐབས་འབད་ནི་ལུ་ ཁས་བླངས་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་འདི་ ཕན་ཚུན་བློ་གཏད་རྣམ་དག་དང་ གོ་རྟོགས་ལུ་ གཞི་བརྟེནམ་ཨིན་ཟེར་གསུངས་ནུག།
འབྲུག་གི་བློན་ཆེན་གྱིས་ མི་དབང་རྒྱལ་པོའི་སྐུ་ཚབ་སྦེ་ རྒྱ་གར་གྱི་ བློན་ཆེན་དེ་ འཕྲལ་མགྱོགས་ར་ འབྲུག་ལུ་ འབྱོན་དགོ་པའི་ མགྲོན་བརྡ་ཕུལ་མི་ལུ་ བློན་ཆེན་མོ་དི་གིས་ཡང་ ཞལ་བཞེས་མཛད་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ཕྱག་ཞུ་མི་ཚུ་ དིལླི་ལས་ མུམ་བཱའི་ལུ་ འབྱོན་ནི་ཨིནམ་བཞིན་དུ་ དེ་བསྒང་ མ་ཧ་རཤ་ཏ་རའི་ ཁྲོམ་དཔོན་དང་ རྒྱ་གར་གྱི་ ཚོང་འབྲེལ་ལས་སྡེའི་ འགོ་ཁྲིདཔ་ཚུ་དང་ མཇལ་ཕྲད་མཛད་ནི་ཨིན་པའི་གནས་ཚུལ།

Please follow and like us: