ལྷོ་ཀོ་རི་ཡའི་ དོས་སྐྱེལ་མཚོ་གྲུ་ཅིག་ རྒྱ་པཱན་གྱི་ ནུབ་ཕྱོགས་མཚོ་འགྲམ་ལུ་ མགོ་མཇུག་སློག་ཡོདཔ།

ཨེ་བི་སི།

སྤྱི་ཟླ་ ༣ པའི་ཚེས་ ༢༠ ལུ་ དྲོ་པའི་ཆུ་ཚོད་ ༧ དེ་ཅིག་ཁར་ ལྷོ་ཀོ་རི་ཡའི་ རྒྱལ་དར་འཕྱར་མི་ དོ་སྐྱེལ་མཚོ་གྲུ་ཅིག་ རྒྱ་པཱན་གྱི་ ནུབ་ཕྱོགས་མཚོ་འགྲམ་ལུ་ མགོ་མཇུག་སློག་སྟེ་ འགྱོ་མིའི་ནང་ལས་ མི་གྲངས་ ༨ རྒྱ་པཱན་གྱི་ མཚོ་འགྲམ་སྲུང་རྒྱབ་ཚུ་གིས་ གྲུ་ཆུང་དང་ གནམ་གྲུ་ཚུ་བཏང་སྟེ་ སྲོག་སྐྱབས་འབད་ཡོད་རུང་ གཞན་མི་ ༣ གར་སོང་མེད་པར་ བྱར་སྟོར་ཤོར་ནུག།

མ་གཞི་ མཚོ་གྲུ་དེ་ རླུང་འཚུབ་ཅན་གྱི་ གནམ་གཤིས་ལུ་བརྟེན་ཏེ་ ཐུག་རྐྱེན་བྱུང་ཡོདཔ་ད་ གྲུ་དེ་ནང་ དོ་ཆས་ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ལས་ ཧ་གོ་མ་ཚུགས་རུང་ གྲུ་སྡེའི་ཡོངས་འབྲེལ་འཆར་སྒོའི་ནང་ ས་སྣུམ་དང་ རྫས་སྦྱོར་ཚུ་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།

དེ་བསྒང་ གྲུ་དེ་ནང་ ཀོ་རི་ཡའི་ མི་ཁུངས་ ༢ དང་ ཨིན་ཌོ་ནེ་ཤི་ཡའི་ མི་ཁུངས་ ༨ རྒྱ་ནག་གི་ མི་ཁུངས་ ༡ ཡོདཔ་སྦེ་ གྲུ་གཡོགཔ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: