
བང་ལ་དེཤ་གི་སྲིད་འཛིན་ མོ་ཧ་མེད་ ཤ་ཧ་བུ་ཌིན་གྱིས་ གདན་འདྲེན་ཞུཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེན་རྣམ་རྒྱལ་དབང་ཕྱུག་ རྒྱལ་སྲས་ཨྱོན་དབང་ཕྱུག་ རྒྱལ་སྲསམོ་བསོད་ནམས་གཡང་སྒྲོན་དབང་ཕྱུག་ཚུ་གིས་ ཕྱག་ཞུ་སྟེ་ སྤྱི་ཟླ་ ༣ པའི་ཚེས་ ༢༥ ལུ་ བང་ལ་དེཤ་ རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡི།
མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ ཧཱ་རཏ་ཤཱ་ཇ་ལཱལ་ རྒྱལ་སྤྱི་གནམ་ཐང་ནང་ ཕེབས་པའི་སྐབས་ལུ་ བང་ལ་དེཤ་གི་ སྲིད་འཛིན་མཆོག་དང་ ཨམ་ཌོག་ཊར་རེ་བེ་ཀ་ སཱུལ་ཏ་ན་གིས་ ཕེབས་བསུ་ཞུ་ཡོདཔ་མ་ཚད་ མི་དབང་མངའ་ཞབས་མཆོག་ལུ་ བང་ལ་དེཤ་ དྲག་པོའི་དམག་སྡེ་གིས་ མངའ་བདག་སྟི་སྭ་ཡང་ ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བངྒ་ལ་དེཤ་གི་ རང་དབང་གི་ཉིནམ་ བརྩི་སྲུང་ཞུ་སར་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ གདན་འདྲེན་ཞུ་ནུག།
མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བངྒ་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ ཕེབས་པའི་ཉིན་མར་ བངྒ་ལ་དེཤ་ རྒྱལ་ཡོངས་ཀྱི་ ཡབ་རྗེ་སྦེ་ བརྩི་སྲོལ་ཡོད་མི་ བང་ག་བཱན་དྷུ་ཤཱེག་མུ་ཇི་བར་ རཱེ་མཱན་ལུ་ གུས་བཏུད་ཀྱི་དོན་ལས་ བང་ག་བཱན་དུ་ རྗེས་དྲན་འགྲེམ་སྟོན་ཁང་ནང་ བྱོན་ཡོདཔ་ དེ་ཚེ་ བང་ལ་དེཤ་གི་ ཕྱི་འབྲེལ་བློན་པོ་ ཧ་སཱན་མཱེ་མཱད་ཡང་ མི་དབང་མངའ་ཞབས་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བང་ལ་དེཤ་ བློན་ཆེན་གྱི་ ཡིག་ཚང་ནང་སྦེ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ བང་ལ་དེཤ་གི་བློན་ཆེན་ ཨམ་ཤཱེག་ཧ་སི་ན་དང་ མཇལ་འཕྲད་མཛད་གནངམ་དང་འབྲེལ་ཏེ་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་ཆེན་གྱི་ སྐུ་བདུན་ལུ་སྦེ་ རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་དང་ མཉམ་འབྲེལ་ ལམ་སྲོལ་བརྗེ་སོར་ཚུ་ ཡར་དྲགས་ཀྱི་དོན་ལས་ གོ་བརྡའི་ཆིངས་ཡིག་ ལེ་ཤ་ཅིག་ལུ་ མཚན་རྟགས་ཚུ་ཡང་བཀོད་ནུག།
དེ་ཚེ་ཕྱི་རོ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ བངྒ་ལ་དེཤ་ལུ་ཡོད་མི་ འབྲུག་པའི་སློབ་ཕྲུག་ཚུ་དང་ མཇལ་འཕྲད་མཛད་གནང་པའི་ཁར་ ཌ་ཀ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་གི་ ལས་གཡོགཔ་ཚུ་དང་ཡང་ མཇལ་འཕྲད་མཛད་གནང་ཡོདཔ་ཨིན་པས།
ད་རེས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གི་ ཕྱག་ཞུ་སྟེ་ ཕྱིའབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་ བློན་པོ་དང་ གསོ་བའི་བློན་པོ་ བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ དེ་ལས་ ཆེ་མཐོའི་འགོ་དཔོན་ཚུ་ཡོདཔ་ཨིན་པས།
བངྒ་ལ་དེཤ་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ གཞུང་དོན་གཟིགས་སྐོར་ གནང་མི་དེ་གིས་ འབྲུག་དང་ བང་ལ་དེཤ་ རྒྱལ་ཁབ་ ༢ ཀྱི་བར་ན་ སྤྱི་ལོ་ ༡༩༧༡ ལུ་ འབྲུག་གིས་ བང་ལ་དེཤ་དེ་ རང་དབང་རྒྱལ་ཁབ་ཨིན་པའི་ ངོས་ལེན་གནང་ཞིནམ་ལས་ཚུར་ འབྱུང་རབས་ཅན་གྱི་ མཐུན་ལམ་འདི་ ཁྱད་དུ་འཕགས་པའི་ གནས་རིམ་ཁར་ ག་ནི་བ་ཡང་ དམ་ཟབ་ཐོག་ལུ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།




Users Today : 559
Users Yesterday : 1351
This Month : 42118
This Year : 222021
Total Users : 933837
Views Today : 1108
Total views : 2723615
Who's Online : 13