
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༢༦ ལུ་ ཡུ་ཨེཛ་གི་ གྲུ་ཟིང་བཞག་སའི་ མཚོ་འགྲམ་བཱལ་ཊི་མོར་ཟེར་སར་ དོས་ཆས་འབག་མི་ གྲུ་ཆེན་ཅིག་གིས་ ཟམ་ལུ་གནོད་སྐྱོན་རྐྱབ་སྟེ་ རམ་འགྱོ་བའི་ རྐྱེན་ངན་ནང་ ལཱ་འབད་མི་ ༦ གར་སོང་མེདཔ་ལས་ ཤི་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
རྐྱེན་ངན་དེ་ལུ་བརྟེན་ཏེ་ བཱལ་ཊི་མོར་ མཚོ་འགྲམ་ལུ་ གྲུ་ཟིང་ཆགས་སའི་ ས་གོ་དེ་ སྒོ་བསྡམས་བཞག་དགོཔ་ བྱུང་ཡོདཔ་ད་ དེ་ཡང་ གྲུ་ཟིང་འཐོན་འཛུལ་ མང་ཤོས་འབད་སའི་ ས་གོ་ཅིག་ཨིནམ་ལས་ གྲུ་ཟིང་ཚུ་ ཕན་ཚུན་འགྲུལ་བསྐྱོད་འབད་ནི་ལུ་ བྱ་སྟབས་མ་བདེཝ་ཐོན་ནུག།
རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་ཡོད་པའི་ དོགས་པ་ཡོད་མི་ མི་གྲངས་ ༦ རྒྱ་མཚོའི་ནང་ འཚོལ་ཞིབ་འབད་རུང་ མ་ཐོབ་ལས་ འཚོལ་ཞིབ་འབད་ནི་ མཚམས་འཇོག་འབད་ཡོདཔ་ཨིན་པས།
མེ་རི་ལེན་མངའ་སྡེའི་ ཁྲིམས་སྲུང་འགག་སྡེ་གིས་ ཡུ་ཨེཛ་གི་ མཚོ་འགྲམ་ཉེན་སྲུང་དམག་མི་ཚུ་གིས་ དུས་ཡུན་ཆུ་ཚོད་ ༡༨ ཀྱི་རིང་ལུ་ རྒྱ་མཚོ་འཁོལ་སི་སི་གི་ནང་ འཚོལ་ཞིབ་འབད་མི་དེ་ཡང་ ཟམ་རམ་འགྱོ་བའི་ རག་རོ་དང་ མིག་གིས་ལེགས་ཤོམ་སྦེ་ མ་མཐོངམ་ལས་ ནུབ་མོར་འཚོལ་ཞིབ་འབད་ནི་ལུ་ དཀའ་ངལ་དང་ ཉེན་ཁ་སྦོམ་འདུག་ཟེར་བཤད་ནུག།
རིང་ཚད་ཀི་ལོ་མི་ཊར་ ༢.༦ འབད་མི་ ཟམ་དེ་ རམ་འགྱོ་བའི་སྐབས་ལུ་ ཟམ་གུ་ལས་ འགྱོ་བའི་བསྒང་ཡོད་མི་ སྣུམ་འཁོར་དང་ ལཱ་འབད་མི་ཚུ་ རྒྱ་མཚོའི་ནང་ བུད་སོངཔ་ཨིན་པས།
དེ་ཡང་ སྙན་ཞུ་དང་འཁྲིལཝ་ད་ རིང་ཚད་མི་ཊར་ ༢༨༩ འབད་མི་ གྲུ་ཆེན་དེ་གི་ འཕུལ་ཤུགས་འཕྲུལ་ཆས་ལུ་ སྐྱོན་ཞུགས་ཡོད་པའི་ སྙན་ཞུ་འབད་ཚརཝ་ཅིག་ ཟམ་གྱི་ཀ་ཆེན་གུ་ ཕོག་པའི་འཕྲལ་ལས་ ཟམ་གུ་མ་ལྷོད་མི་ སྣུམ་འཁོར་ཚུ་ བཀག་ཚུགས་ནི་དེ་གིས་ གནོད་སྐྱོན་མང་སུ་ འཐོན་ནི་ལས་ བཀག་ཚུགས་ཡོདཔ་སྦེ་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1008
Users Yesterday : 1695
This Month : 41216
This Year : 221119
Total Users : 932935
Views Today : 2767
Total views : 2721476
Who's Online : 6