གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཀུ་རི་གོང་རི་འཛོམས་སའི་ ལྕགས་ཟམ་སྒོ་འབྱེད།

སྤྱི་ཟླ་ ༣ པའི་ཚེས་ ༢༧ ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གི་བློན་པོ་ ཅཱན་ད་ར་བྷ་དུར་གུ་རུང་གིས་ ཀུ་རི་གོང་རི་འཛོམས་སའི་ལྕགས་ཟམ་གྱི་ སྒོ་འབྱེད་གནང་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ཡང་ ཟམ་གུ་ལས་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་ཡོདཔ་ད་ རྟེན་འབྲེལ་དེ་ནང་ མོང་སྒར་རབ་སྡེའི་ བླམ་གནས་བརྟན་དང་ མོང་སྒར་རྫོང་བདག་ དེ་ལས་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཟམ་བཟོ་བསྐྲུན་དང་ འགོ་བཙུགས་བྱ་སྒོའི་ གོ་རིམ་ཚུ་ནང་ གཞུང་གྲྭ་ཚང་གི་ ལམ་སྟོན་དང་ བཀའ་སློབ་གནངམ་བཞིན་དུ་ ཟམ་དེ་གི་ གཙང་དག་དང་ བཀྲིས་པའི་རྟེན་འབྲེལ་ལུ་དམིགས་ཏེ་ ཉིན་བསྟར་བཞིན་དུ་ གལ་གནད་ཆེ་བའི་ སྐུ་རིམ་ཚུ་ཡང་ བསྒྲུབས་གནང་ནུག།
ཀུ་རི་གོང་རི་འཛོམས་སའི་ ལྕགས་ཟམ་དེ་གི་ ཐེག་ཚད་དེ་ཡང་ མེ་ཊིག་ཊཱོན་ ༤༠ ཨིནམ་ད་ སྒྲིག་བཀོད་སྒྲིང་གཞི་ རྒྱུན་སྐྱོང་དང་ ཉེན་སྲུང་གི་དོན་ལས་ སྣུམ་འཁོར་ཊག་ བཏང་མི་ཚུ་གིས་ དོས་ཆས་ཀྱི་ ལྗིད་ཚད་བཀོད་མི་ལུ་ གནས་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།
དེ་མ་ཚད་ ལྕགས་ཟམ་དེ་གི་ ཉེ་འདབས་ལུ་ཡོད་མི་ ལས་འགུལ་ཚུ་གིས་ དམིགས་བསལ་ལུ་ སྣུམ་འཁོར་ཆེ་བ་བདའ་མི་ རང་སོའི་དེད་གཡོགཔ་ཚུ་ལུ་ ཟམ་གྱི་ཐེག་ཚད་དང་འཁྲིལ་ཏེ་ དོས་ཆས་ཀྱི་ ལྗིད་ཚད་བཀོད་དེ་ཡོད་མིའི་སྐོར་ལས་ དྲན་གསལ་ཚུ་ ལེགས་ཤོམ་སྦེ་འབད་དགོ་པའི་ དྲན་སྐུལ་ཡང་འབདཝ་ཨིན་པའི་གནས་ཚུལ།

Please follow and like us: