
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༢ ལུ་ ཨིཛ་རེལ་གྱིས་ ས་གནས་ག་ཟ་ལུ་ མཁའ་དབྱིངས་ལས་ གནོད་འཚུབ་བཀལཝ་ད་ གྲོགས་རམ་གྱི་ ལཱ་འབད་མི་སྡེ་ཚན་ ཝཱལ་སེན་ཊཱལ་ཀི་ཅེན་ཟེར་མིའི་ སྣུམ་འཁོར་ཚུ་ལུ་ཕོག་སྟེ་ མི་ ༧ ལུ་ ཤི་རྐྱེན་བྱུང་ནུག།
གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་དང་ མཐུན་འབྲེལ་རྒྱལ་ཁབ་ཚུ་གིས་ ཨིཛ་རེལ་ལུ་ ཁ་ཉེས་དང་ ར་ཁུངས་བཀལ་དགོ་པའི་ མཁོ་འདོད་བཀོད་ཡོདཔ་ལས་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནེ་ཡ་ཧུ་གིས་ གྲོགས་རམ་འབད་མི་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ ཨིཛ་རེལ་གྱི་ ནོར་འཁྲུལ་ལུ་བརྟེན་ཏེ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ས་གནས་ག་ཟ་ལུ་ བཙན་འཛུལ་ཐོག་ལས་ དམག་འཁྲུག་ལང་སྟེ་ ཟླ་ངོ་ ༦ དེ་ཅིག་ སོང་ཡོདཔ་ལས་ རྒྱལ་སྤྱིའི་གནས་རིམ་ནང་ ས་གནས་ག་ཟའི་ འགྲོ་བ་མིའི་གནས་སྟངས་ སྐྱོ་དྲགས་སྦེ་ ཐལ་ཏེ་ཡོད་མི་དེ་ བསྐྱར་གསོའི་དོན་ལས་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ཐབས་འབད་དགོཔ་སྦེ་ ཡང་བསྐྱར་སླབ་ཨིན་པས་ཟེར་བཀོད་ནུག།
གྲོགས་རམ་གྱི་ ལཱ་འབད་མི་སྡེ་ཚན་ ཝཱལ་སེན་ཊཱལ་ཀི་ཅེན་ནང་ ལས་གཡོགཔ་ཚུ་ཡང་ ཨཱཛ་ཊེ་ལི་ཡ་དང་ བི་རི་ཊེན་ པོ་ལེན་ པེ་ལིཛ་ཊིན་གྱི་ མི་ཁུངས་ཚུ་དང་ ཡུ་ཨེཛ་དང་ ཀེ་ན་ཌ་ རྒྱལ་ཁབ་གཉིས་ཆ་རའི་ མི་ཁུངས་འབད་མི་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
འཛམ་གླིང་སྤྱི་ཚོགས་དང་ ཧ་མཱཛ་གིས་ ན་ཧིང་ སྤྱི་ཟླ་ ༡༠ པ་ལས་ཚུར་ ག་ཟ་ལུ་ འགྲོ་བ་མིའི་དོན་ལས་ གྲོགས་རམ་འབད་མི་ མི་གྲངས་ ༡༩༦ དམར་བསད་འབད་ཡོདཔ་སྦེ་ བཤད་ཡོདཔ་ད་ དེ་ཡང་ ཨིཛ་རེལ་གྱིས་ གྲོགས་རམ་བཀྲམ་སྤེལ་གྱི་ ས་ཁོངས་ཚུ་ནང་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོད་པའི་ ཁ་ཉེས་བཀལ་ནུག།
བི་རི་ཊེན་གྱི་བློན་ཆེན་ རི་ཤི་སུ་ནག་གིས་ ཤི་རྐྱེན་དེ་ཚུའི་སྐོར་ལས་ བི་རི་ཊེན་གྱི་ ཁ་ཐུག་ལས་ གནས་སྟངས་སྐྱོ་སི་སི་ཅིག་སྦེ་ བརྩི་དོ་ཡོདཔ་སྦེ་ བཤད་ཡོདཔ་ད་ རྐྱེན་ངན་དེ་ནང་ བི་རི་ཊེན་གྱི་ མི་ཁུངས་ ༣ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 161
Users Yesterday : 1476
This Month : 38674
This Year : 218577
Total Users : 930393
Views Today : 322
Total views : 2713923
Who's Online : 7